བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ།
༄༅། །ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམག་དཔུང་ནས་བོད་དུ་བཙན་འཛུལ་བྱེད་སྐབས་བོད་ནི་ཁྲིམས་
ཐོག་དང༌། དངོས་ཡོད་གནས་ཚུལ་གཉིས་ཐད་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། བོད་ལ་དྲག་པའི་བཙན་འཛུལ་བྱས་པ་དེས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་བཙན་འཛུལ་
བྱས་པ་མཚོན་པར་མ་ཟད། རྒྱལ་སྤྱིའི་ཁྲིམས་སྲོལ་དང་ཡང་འགལ་བ་གསལ་པོ་ཡིན། ད་ལྟའང་རྒྱ་
གཞུང་ནས་རྒྱ་དམག་ཁྲི་ཕྲག་མང་པོ་བཏང་སྟེ་བོད་བཙན་དབང་འོག་མུ་མཐུད་འཇོག་པ་འདི་རྒྱལ་
སྤྱིའི་ཁྲིམས་དང་འགལ་བ་དང༌། བོད་མི་མང་གི་གཞི་རྩའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྡོག་
རོལ་བཏང་བ་ཞིག་ཡིན། རྒྱ་དམར་གཞུང་ནས་བོད་ཀྱི་བདག་དབང་ཁོ་ཚོར་ཡོད་པ་བརྗོད་ཀྱི་ཡོད། ཁོ་པ་ཚོས་བོད་ཀྱི་བདག་དབང་སྐོར་ཕྱི་ལོ་༡༩༤༩ལོར་བོད་ནང་ཐོག་མའི་བཙན་འཛུལ་བྱས་པ་དང༌།
དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་བོད་ཡོངས་རྫོགས་བཙན་བཟུང་བྱས་པ། ཕྱི་ལོ་ ༡༩༥༡ ལོར་བཙན་དབང་
འོག་བཞག་ཏུ་བཅུག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་བཅས་ལ་བརྟེན་ནས་བདག་དབང་ཡོད་
པ་བརྗོད་ཀྱི་མེད། བདག་དབང་སྐོར་གྱི་གཞི་རྩ་གཙོ་བོ་ནི་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་སོག་པོ་དང༌། མན་ཇུའི་རྒྱལ་པོ་ཁག་དང་བོད་ཀྱི་བླ་ཆེན་ཁག་བར་འབྲེལ་བ་བྱུང་བ་དང༌། དེ་བཞིན་རྒྱ་ནག་གི་གོང་
མ་དང་བོད་ཀྱི་བླ་ཆེན་ཚོའི་དབར་བྱུང་བའི་འབྲེལ་བ་བཅས་ནས་འགྲེལ་བཤད་བྱེད་ཀྱི་ཡོད། ལོ་བརྒྱ་
ཕྲག་མང་པོའི་སྔོན་སོག་པོའི་སྟོབས་ཤུགས་རྒྱས་པའི་སྐབས་ཏེ། ཨེ་ཤ་ཡའི་ཡུལ་ཁག་མང་ཆེ་བ་དང༌། ཤར་ཡོ་རོབ་ཀྱི་ས་ཁུལ་མང་པོ་ཞིག་སོག་པོའི་མངའ་འོག་ཏུ་བཅུག་པ་དང༌། དུས་རབས་བཅོ་བརྒྱད་
པར་མན་ཇུའི་གོང་མ་ཚོས་རྒྱ་ནག་ལ་དབང་སྒྱུར་་༡༦༣༩ ནས་༡༩༡༡ བར་ བྱས་རྗེས་བོད་ཚུད་པའི་
ཤར་དང་དབུས་ཨེ་ཤ་ཡའི་ལུང་པ་ཁག་ལ་དབང་སྒྱུར་བྱས་པའི་དུས་སྐབས་ཀྱི་གནས་ཚུལ་གཞི་འཛིན་
ས་བྱེད་ཀྱི་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ནང་ཕྱིའི་རྒྱལ་ཁབ་སོག་པོ་དང༌། གོར་ཥ། མན་ཇུ། རྒྱ་གར་
དབྱིན་གཞུང་བཅས་ཀྱི་ཤུགས་རྐྱེན་ཆེ་ཆུང་སྣ་ཚོགས་སླེབས་མྱོང་ཡོད་པར་སུ་ཞིག་གིས་རྩོད་པ་རྒྱག་གི་
མེད་ལ། ཡང་དུས་སྐབས་ཁ་ཤས་ནང་རྒྱ་ནག་གིས་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་འགའ་ཞིག་བོད་ཀྱི་
དབང་ཤུགས་འོག་གནས་དགོས་པའང་བྱུང་ཡོད།འཛམ་གླིང་ནང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེ་
ཚོའི་ལོ་རྒྱུས་ནང་རྒྱལ་ཁབ་གཞན་གྱི་དབང་ཤུགས་དང༌། ཐེ་བྱུས་རྩ་བ་ནས་སླེབས་མ་མྱོང་བ་ནི་ཧ་ཅང་
དཀོན་པོ་ཡིན། བོད་ནང་ཕྱིའི་རྒྱལ་ཁབ་གཞན་གྱི་ཤུགས་རྐྱེན་དང༌། ཐེ་བྱུས་བྱུང་བ་དེ་དག་གི་ནུས་
ཤུགས་ཧ་ཅང་ཆུང་ལ་དུས་ཚོད་ཀྱང་ཐུང་ངུ་ཡིན། ལྷག་པར་བོད་དང༌། སོག་པོ། མན་ཇུ། རྒྱ་ནག་བཅས་
ཀྱི་རྒྱལ་པོ་ཕན་ཚུན་འབྲེལ་བ་བྱུང་བ་དེར་ཆབ་སྲིད་ཀྱི་གོ་དོན་ཞིག་ཡོད་པའི་དབང་དུ་བཏང་ནའང༌། དེ་ནི་མི་སྒེར་དང་སྒེར་གྱི་འབྲེལ་བ་ཡིན་པ་ལས་བོད་རྒྱལ་ཁབ་རྒྱ་ནག་དང་ཟླ་བསྒྲིལ་ལམ། ཡང་ན་
མཉམ་སྦྲེལ་བྱེད་པའི་གོ་དོན་གཏན་ནས་མེད། བོད་ཀྱི་གནའ་བོའི་ལོ་རྒྱུས་ནང་འཕོ་འགྱུར་ཇི་འདྲ་ཞིག་
བྱུང་མིན་ལ་མ་ལྟོས་པར་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱེད་པའི་སྐབས་སུ་བོད་ཀྱི་ཆབ་སྲིད་གནས་
བབ་ནི་དེང་དུས་ཀྱི་ལོ་རྒྱུས་ཐོག་དང༌། ལྷག་པར་ཕྱི་ལོ་ ༡༩༡༡ ལོར་རྒྱ་མིས་ཕྱིའི་རྒྱལ་པོ་མན་ཇུ་གོང་མ་
མཐར་སྐྲོད་བཏང་སྟེ་རང་ཉིད་ལ་རང་གི་རྒྱལ་ཁབ་ཀྱི་བདག་དབང་ཐོབ་རྗེས་ཀྱི་བོད་དང༌། རྒྱ་ནག་
གཉིས་ཀྱི་འབྲེལ་བ་དང༌། བདག་དབང་གི་གནས་སྟངས་ལ་བལྟ་དགོས་པ་ཡིན། རྒྱལ་ཁབ་གང་ཞིག་གི་
ལོ་རྒྱུས་ལ་བལྟས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་ཐོག་བདག་དབང་ཡོད་ཅེས་བརྗོད་རྒྱུའི་གཞི་རྩ་ཕྲན་བུ་ཚང་
མར་མཐོང་རྒྱུ་ཡོད། ཡིན་ནའང་རྒྱུ་མཚན་དེ་འདྲ་བཤད་ན་དེ་ནི་རྒྱལ་སྤྱིའི་ཁྲིམས་དང༌། ལུགས་སྲོལ་གྱི་
ཐོག་ནས་ཁས་ལེན་བྱེད་མི་ཐུབ་པ་ཞིག་རེད། རྒྱ་གཞུང་ནས་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་གྱི་བོད་ཀྱི་
གནས་བབ་དྲིལ་བསྒྲགས་བྱེད་རྒྱུ་འགེབས་ཐབས་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཕྱི་ལོ་ ༡༩༡༡ ལོར་མན་
ཇུའི་དམག་དཔུང་བོད་ནས་མཐར་སྐྲོད་བཏང་བ་ནས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་
ནས་བཙན་བཟུང་མ་བྱས་བར་བོད་ལ་རྒྱ་ནག་གི་དབང་ཤུགས་གནས་ཡོད་པ་ཁུངས་སྐྱེལ་བྱེད་ཐབས་
གང་ཡང་མེད་པ་དང༌། བོད་རང་དབང་རང་བཙན་དུ་གནས་པའི་ཁུངས་སྐྱེལ་ཤིན་ཏུ་མང་པོ་ཡོད་པ་
དེ་དག་འཛམ་གླིང་ཁྲིམས་དོན་མཁས་པ་དང༌། བོད་རྒྱའི་སྐོར་ཞིབ་འཇུག་གནང་མཁན་མཁས་པ་ཁག་
གིས་ཁས་ལེན་བྱེད་ཀྱི་ཡོད་པས་ཡིན། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱི་བོད་སྐོར་ཁྲིམས་
དོན་ཞིབ་འཇུག་ཚོགས་ཆུང་ནས་བཏོན་པའི་བོད་ཀྱི་ཁྲིམས་ལུགས་གནས་སྟངས་སྐོར་གྱི་སྙན་ཐོའི་ནང༌།
ཕྱི་ལོ་ ༡༩༡༣ ནས་ ༡༩༥༠ ལོ་བར་བོད་དེ་རྒྱལ་ཁབ་ཅིག་གི་ངོ་བོ་ལྡན་པའི་རྒྱལ་སྤྱིའི་ཁྲིམས་དོན་ཐོག་གི་
ཆ་རྐྱེན་ཡོངས་སུ་ཚང་ཡོད་པ་དང༌། ཕྱི་ལོ་ ༡༩༥༠ ལོར་ཆབ་འབངས་དང༌། མངའ་ཁུལ་གཉིས་ཀ་ཡོད་
པར་མ་ཟད། མངའ་ཁུལ་གྱི་འཛིན་སྐྱོང་བྱེད་མཁན་སྲིད་གཞུང་ཞིག་ཀྱང་ཡོད། སྲིད་གཞུང་ནས་ཕྱིའི་
དབང་ཆ་གང་ལའང་ལྟོས་མི་དགོས་པར་ནང་གི་སྲིད་དབང་ཆ་ཚང་ལག་ལེན་བསྟར་གྱི་ཡོད། ཕྱི་ལོ་
༡༩༡༣ ནས་ ༡༩༥༠ ལོ་བར་བོད་ཀྱི་ཕྱི་འབྲེལ་ལས་དོན་རྣམས་བོད་གཞུང་རང་ནས་ཐག་གཅོད་བྱེད་ཀྱི་
ཡོད་པ་དང༌། འབྲེལ་བ་བྱེད་ཡུལ་རྒྱལ་ཁབ་གཞན་ཁག་ནས་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་བོད་དེ་
རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ལ་བརྩིས་ཡོད་པ་གཞུང་འབྲེལ་ཡིག་ཆ་ཁག་ནས་རྟོགས་ཐུབ་
ཅེས་གསལ་ཡོད། ལོ་བཞི་བཅུའི་རིང་རང་བཙན་གཙང་མར་གནས་པ་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་
རང་བཙན་གཙང་མར་བརྩི་འོས་པ་རེད། དེང་རྒྱལ་ཚོགསནང་གི་ཚོགས་མིའི་རྒྱལ་ཁབ་མང་པོ་ཞིག་ནི་
དུས་ཡུན་དེ་དང་འདྲ་བའམ། དེ་ལས་ཐུང་བ་རང་དབང་རང་བཙན་དུ་གནས་པ་ཞིག་ཡིན། བོད་ལ་
མཚོན་ན་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་ཁོང་ཚོར་ཡོད་པའི་ཁུངས་སྐྱེལ་བཟོ་ཆེད་བོད་ཀྱི་
གནའ་བོའི་ལོ་རྒྱུས་ནང་ནས་ཚིག་དུམ་ཁ་ཤས་ཆ་བསྡུ་ཡ་བསྡུ་བྱས་ནས་འཁྱོག་བཤད་ཀྱིས་ལོ་རྒྱུས་རྫུན་
བཟོ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་རྫུན་བཟོ་བྱས་དང་བྱེད་བཞིན་
པའི་གནའ་བོའི་ལོ་རྒྱུས་མདོར་བསྡུས་ཤིག་གཤམ་དུ་ངོ་སྤྲོད་བྱ་རྒྱུ་ཡིན།
གུང་ཁྲན་གྱིས་རྒྱ་ནག་དབང་བསྒྱུར་བྱས་པའི་རྗེས་རང་དབང་གཙང་མར་གནས་བཞིན་པའི་བོད་ཀྱི་བྱང་ཤར་
ས་མཚམས་ཁག་ནས་སྤྱི་ལོ་༡༩༤༩ ལོར་དྲག་པོའི་བཙན་འཛུལ་འགོ་བཙུགས་ཏེ། ༡༩༥༠ ལོའི་སྤྱི་ཟླ་བཅུ་པའི་
ནང་ཆབ་མདོ་བཙན་བཟུང་གིས་བོད་གཞུང་གི་མདོ་སྨད་ཞི་དྲག་སྤྱི་ཁྱབ་བཀའ་བློན་ངོ་ལས་འཛིན་བཟུང་
བཙོན་འཇུག་དང་། བོད་ཀྱི་གཞུང་དམག་དང་། ཡུལ་དམག་སྟོང་ཕྲག་མང་པོ་དམར་གསོད་བཏང་། བོད་
འདི་ཕྱི་རྒྱལ་བཙན་དབང་འོག་ནས་བཅིང་བཀྲོལ་བཏང་ལུགས་དང་། བོད་རྒྱལ་ཁབ་ལའང་ས་གནས་སྲིད་
གཞུང་ཞེས་པའི་མིང་གསར་པ་བཏགས་ནས་བོད་ནང་རྒྱ་དམག་འབུམ་ཕྲག་རིམ་གསོག་གྲ་བསྒྲིགས་ཟིན་བསྟུན་
༸གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་བཙན་བཟུང་གིས་བོད་དང་བོད་མིའི་ལོ་རྒྱུས་ཀྱང་ནང་སོག་དང་།
(内蒙古) མན་ཇུ། ཤར་ཏུར་ཀི་སི་ཐན་ (东土耳其斯坦) ལྟར་འཛམ་གླིང་དུ་ནག་བསུབ་གཏོང་རྒྱུ་
གུང་ཁྲན་གྱི་ངན་འཆར་ལམ་དུ་མ་ལྷོངས་པར། ༸གོང་ས་མཆོག་༡༩༥༩ ལོར་ཕྱི་རྒྱལ་དུ་བཙན་བྱོལ་དུ་ཕེབས་
བྲོས་ཐུབ་པ་བྱུང་སྟེ་བོད་འདི་ལོ་སྟོང་ཕྲག་མང་པོའི་སྔོན་ནས་རྒྱལ་ཁབ་རང་བཙན་ཡིན་པའི་ལོ་རྒྱུས་བདེན་པ་
ཇེ་གསལ་དུ་འགྲོ་བ་རེད།