བོད་རང་བཙན་

23/02/2009 19:20

རང་བཙན་གྱི་ཡབ་མེས་དག

s

ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་བོད་རང་བཙན་དང་འབྲེལ་བའི་གལ་ཆེའི་བྱུང་བ་ཁག་ཅིག་ཡོད་པ་ནི། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོ་མཆོག་གིས་ ༡༩༡༡ ལོར་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བ་དང་། རྗེས་སུ་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་སྟག་འཚེར་སྐུ་ཕྲེང་ཉེར་གཉིས་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་དེ་ཡིན། དེས་མི་ཚད་ཁོང་གི་སྐུ་ཕྲེང་རྗེས་མ་སྟེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་མོ་མཆོག་ཀྱང་ཁོང་གིས་ངོས་འཛིན་གནང་བའི་ཡང་སྤྲུལ་འདིའི་སྐུ་སྤུན་དུ་འཁྲུངས་པའི་ཐུགས་སྨོན་མཛད་པ་ཇི་བཞིན་འཁྲུངས་ཡོད།

སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་བསྒྲགས་གཏམ་སྤེལ་རྗེས་ཀྱི་ལོ་ ༤༨ རྗེས་སུ་བོད་རང་བཙན་ཡོངས་སུ་ཤོར་མོད། རང་བཙན་འཐབ་རྩོད་ནི་ད་བར་མུ་མཐུད་དུ་གནས་ཡོད། འོན་ཀྱང་། ཕྱི་ཚེས་ ༥ ཉིན་བོད་རང་བཙན་འཐབ་རྩོད་ཀྱི་ཡབ་ཆེན་ལྟ་བུ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྐུ་ཚེ་འཕེན་པ་རྫོགས་ཡོད་ལ། ཡིད་སྐྱོའི་གནས་ཚུལ་འདི་ནི་བོད་དོན་འཐབ་རྩོད་ཀྱི་དུས་རིམ་ངེས་ཅན་ཞིག་གི་སྐབས་སུ་བྱུང་ཡོད་དེ། ད་ཆར་བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་དང་ཁ་ཕྱོགས་ལ་བསྐྱར་དུ་བསམ་ཞིབ་བྱེད་ཀྱིན་པའི་སྐབས་དང་། བོད་དོན་འཐབ་རྩོད་ཀྱི་ངོ་བོ་དང་འཕེལ་རིམ་དེ་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ཕྱིར་ལོག་གྱིན་པའི་དུས་སྐབས། མི་ལོ་ ༥༠ རིང་ཡུལ་གྱར་དུ་བསྡད་པའི་བཙན་བྱོལ་བོད་མི་ཚོས་ཕྱིར་མེས་རྒྱལ་གྱི་ཁྱིམ་ཚང་གླེང་བཞིན་པའི་དུས་འདིར་བྱུང་ཡོད།

སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་ཁྱབ་བསྒྲགས་གནང་བ་བཞིན། སྟག་འཚེར་རིན་པོ་ཆེ་མཆོག་གིས་ཀྱང་གནས་དུས་ལ་དཔག་པའི་འགྱུར་བ་དང་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་བར་མ་ལྟོས་པར། ཁོང་གི་སྐུ་ཚེ་གཅིག་གི་རིང་བོད་རང་བཙན་གྱི་འཐབ་རྩོད་འདི་རྒྱུན་འཁྱོངས་གནང་ཡོད། ཁོང་གིས་བོད་མི་རིགས་ཀྱི་མངོན་འདོད་མཐར་ཐུག་ནི་བོད་རང་བཙན་ཡིན་ལ། བོད་ཀྱི་རྩ་དོན་ཡང་བོད་རང་བཙན་ཡིན་པའི་དགོངས་གཞི་བསྒྱུར་དུ་མེད་པ་ཞིག་བཟུང་ཡོད། ཁོང་ཉིད་ནས་བོད་རང་བཙན་བརྩད་པ་འདིར་ཆོས་སྲིད་གཉིས་ཐད་ནས་རྒྱབ་ལྗོངས་དང་གནས་ལུགས་བཙན་པོ་ཞིག་ཡོད།

ད་ཆར་གང་ཉིད་ནས་སྤྱན་ཟུང་གཏན་དུ་བཙུམས་པ་འདིས་ང་ཚོར་བོད་རང་བཙན་གྱི་འཐབ་རྩོད་ཕྱོགས་ནས་རེ་བ་ཟད་ཀྱིན་པའི་གོ་བརྡ་ཞིག་བསྟན་པ་ལྟར་གྱུར་ཡོད། ཡིན་ནའང་ཁོང་གིས་བོད་དོན་འཐབ་རྩོད་ཀྱི་ཕྱོགས་ནས་བོད་མི་རིགས་ལ་བཞག་པའི་ཁ་ཆེམས་ནི་རང་བཙན་ཡིན་ལ། ཁོང་གི་རྗེས་འཇུག་པ་སྟེ། བོད་རང་བཙན་འཐབ་རྩོད་པ་རྣམས་ལ་མཚོན་ན་ཁོང་ཉིད་ཞི་བར་གཤེགས་པ་ནི་དུས་རབས་ཕྱེད་ལྷག་རིང་གི་རང་བཙན་འཐབ་རྩོད་འདིའི་ཀ་ཆེན་ཞིག་འགྱེལ་བ་ཡིན་སྟབས། བློ་ཕམ་གྱི་ཡུལ་ཅི་ནས་ཀྱང་ཡིན།

རིན་པོ་ཆེ་གང་ཉིད་ནས་གཟུགས་སྐུའི་བཀོད་པ་བསྡུས་པའི་སྐབས་འདིར་བོད་རང་བཙན་གྱི་ལངས་ཕྱོགས་རྩ་འཛིན་བྱེད་མཁན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ངོས་ནས་དམིགས་བསལ་གྱི་མཆོད་འབུལ་དང་། མྱ་ངན་རྗེས་དྲན་ཞིག་ཀྱང་གོ་སྒྲིག་མ་བྱས་པ་ནི་བློ་ཕམ་གྱི་ཡུལ་ལྟ་བུར་གྱུར་ཡོད།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།