༢༠༠༩ ལོར་སྔོན་དཔག

17/01/2009 00:00

༢༠༠༩ ལོ་ཚེས་མ་ཐག་མི་རྣམས་ཀྱིས་སླར་ཡང་ལོ་ངོ་གནད་ལྗིད་མོ་ཞིག་བརྒྱུད་དགོས་པར་ཐག་བཅད་ཅིང་། འདི་ལ་སེམས་ཁྲལ་དང་ཚོད་དཔག་སྣ་ཚོགས་བྱེད་ཀྱིན་ཡོད་པ་རེད། འདི་ག་གསར་ཁང་གིས་ཀྱང་རྒྱལ་སྤྱི་དང་རྒྱ་ནག དེ་བཞིན་བོད་ལ་འཕྲད་སྲིད་པའི་དམིགས་བསལ་གྱི་དཀའ་རྙོག་ཅི་ཡོད་སོགས་ཉམས་ཞིབ་པ་དང་རྩོམ་པ་པོ། སྲིད་དོན་དབྱེ་ཞིབ་པ་བཅས་ལ་བཀའ་འདྲི་དང་བགྲོ་གླེང་བྱེད་ཀྱིན་ཡོད་ལ། ཐེངས་འདིའི་ང་ཚོའི་སྐུ་མགྲོན་ནི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། བོད་ཀྱི་ཡིག་བསྒྱུར་ཁང་གི་འགན་འཛིན་ཀུན་ཐར་དོན་གྲུབ་ལགས་ཡིན་ལ། ཁོང་གིས་ ༢༠༠༩ ལོའི་རྒྱ་ནག་དང་བོད་ཀྱི་གནད་དོན་ཁག་ཅིག་གི་ཐོག་དགོངས་ཚུལ་བཏོན་པ་གཤམ་དུ་དྲི་བ་དྲིས་ལན་དུ་བཀོད་ཡོད།

ཀུན་ཐར་དོན་གྲུབ་ལགས། བོད་རྒྱ་གཉིས་ཀས་ ༢༠༠༨ ལོ་འདི་དཀའ་ཚེགས་དང་འཐབ་རྩོད་ཆེན་པོ་ཞིག་གི་འོག་ནས་བསྐྱལ་བ་རེད། ༢༠༠༩ ལོ་འདི་ཡང་གནད་ལྗིད་མོ་ཞིག་གི་སྒོ་ནས་སླེབས་སོང་། ལྷག་པར་དུ་ད་སྐབས་མི་རྣམས་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་ཉམས་རྒུད་ཀྱིས་རྒྱ་ནག་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་སྲིད་སྐོར་བཤད་ཀྱིན་འདུག ཁྱེད་ཀྱིས་ ༢༠༠༩ ལོའི་རྒྱ་ནག་ལ་ཇི་ལྟར་ལྟ་གིན་ཡོད་དམ།

ལན། ༢༠༠༨ ལོ་ནི་རྒྱ་ནག་ལ་མཚོན་ན་སྤྱིར་བཏང་དཀའ་རྙོག་མང་པོ་ཞིག་ལ་གདོང་གཏད་ནས་བསྐྱལ་བ་རེད། ལོ་མགོའི་གངས་སྐྱོན་དང་བོད་ནང་གི་ངོ་རྒོལ། སི་ཁྲོན་ས་ཡོམ། ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་སྐབས་ཀྱི་ངོ་རྒོལ་བཅས་རེད། དེ་བཞིན་ལེགས་ས་ནས་བཤད་ན་ཨོ་ལིམ་པིག་ལུས་རྩལ་དེ་བདེ་འཇགས་ཀྱི་རྣམ་པས་མཇུག་སྒྲིལ་ཡོད་པ་རེད། སྐབས་འདི་དག་ལ་རྒྱ་ནག་གཞུང་གིས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གཉིས་ཀར་རྒྱ་ནག་གི་པར་རིས་དང་བག་ཆགས་ཡག་པོ་ཞིག་འཇོག་པར་འབད་བརྩོན་བྱས་ཤིང་། ཤུགས་རྐྱེན་ཡང་ཆེན་པོ་བཞག་ཡོད་པ་རེད། ལྷག་པར་དུ་སི་ཁྲོན་ས་ཡོམ་དང་ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་སྐབས་རྒྱ་ནག་གཞུང་གིས་གོ་སྐབས་བེད་སྤྱོད་ཆེན་པོ་བཏང་བ་རེད། ད་སྐབས་མི་མང་པོ་ཞིག་གིས་ ༢༠༠༩ ལོའི་རྒྱ་ནག་ལ་ལྟ་གིན་ཡོད་པ་རེད། ལྷག་པར་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་ཕྱོགས་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་བ་ཞིག་ལ་སྒུག་ཡོད་པ་རེད། སྤྱིར་བཏང་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་དེ་རྒྱ་ནག་ལ་ཐེབས་ཀྱིན་ཡོད་པ་ནི་གསལ་བོ་རེད། ལྷག་པར་དུ་རྒྱ་ནག་གི་དཔལ་འབྱོར་དེ་ཕྱིར་བཙོང་ལ་བརྟེན་ཡོད་སྟབས། རྒྱ་ནག་གི་མཚོ་བརྒྱུད་ཁག་གི་བཟོ་གྲྭ་སྟོང་ཕྲག་འགའ་སྒོ་བརྒྱབས་ཟིན་སྐོར་ཉེ་ལམ་གྱི་གནས་ཚུལ་ཁག་ནང་ཐོན་འདུག རྒྱ་ནག་ནང་ད་སྐབས་གསར་དུ་ལས་ཀ་ཤོར་མཁན་གྱི་གྲངས་འབོར་དེ་ཁྲི་ ༡༠༠ ལ་ཟིན་འདུག འདི་དག་ནི་སྤྱིར་བཏང་གི་དཀའ་རྙོག་རེད། དེའི་ཁར་ལས་ཀར་གསར་དུ་ཞུགས་མཁན་གྱི་གྲངས་འབོར་ནི་རྒྱལ་ཁབ་གཞན་ལས་མང་གི་རེད། འདི་ལྟར་སོང་ཚེ་ལས་མིའི་ངོ་རྒོལ་གྱི་ཟིང་ཆ་ཡོང་རྒྱུ་ནི་ཉག་གཅིག་རེད། འདི་རྒྱ་ནག་གཞུང་གིས་ཀྱས་ཤེས་གིན་ཡོད་པ་རེད། ཡིན་ཡང་འདིས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཐེབས་ཀྱི་རེད་བསམ་ན་ནོར་བ་རེད་བསམ་གི་འདུག རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཐེབས་དགོས་ན་རྩ་བའི་ཆ་རྐྱེན་གཅིག་ནི་རྒྱ་ནག་གི་དམག་མི་རྣམས་དམར་ཤོག་ཚོགས་པའི་ལག་ནས་རྒྱལ་ཁབ་ཀྱི་དམག་མིར་བསྒྱུར་དགོས་པ་རེད། ཉེན་རྟོག་པ་རྣམས་ཏང་གི་སྲིད་བྱུས་དང་སྒྲིག་འཛུགས་ཀྱི་ཉེན་ཁ་སྲུང་མཁན་མིན་པར་སྤྱི་ཚོགས་བདེ་འཇགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྒྲུབ་མཁན་ལ་བསྒྱུར་དགོས་པ་རེད། འདི་ཡོང་བ་ལ་དབུ་ཁྲིད་བློ་ཁོག་ཅན་དང་མིག་རྒྱང་ཅན་ཞིག་དགོས་པ་རེད། ཡིན་ཡང་ད་ལྟའི་ཆར་རྒྱ་ནག་གི་མགོ་ཁྲིད་ཚོའི་ཁྲོད་དུ་འདི་ལྟའི་མི་མཐོང་ཁག་པོ་རེད།

དྲི་བ། ལོ་འདིར་རྒྱ་ནག་ནང་ལས་ཀ་གསར་པ་འཚོལ་མཁན་སློབ་ཐོན་པ་ས་ཡ་ ༧ ལྷག་ཡོང་གི་ཡོད་ལ། དེ་དག་སླེབས་པའི་དུས་མཚམས་ནི་ལས་ཀ་མི་རག་པའི་སྐབས་དང་། ལྷག་པར་དུ་སྔོན་ཆད་སློབ་ཆེན་གྱི་སློབ་མ་ཚོས་དྲུག་བཞིའི་ལས་འགུལ་སྤེལ་ནས་ལོ་ ༢༠ འཁོར་བར་འཁེལ་ཡོད་སྟབས། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་གྱི་ཁྲོད་ལོ་འདིར་ཡང་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ཞིག་སླེབས་སྲིད་པའི་སྔོན་དཔག་བྱེད་མཁན་ཡོད་པ་རེད། ཁྱེད་ལ་ལྟ་ཚུལ་ཅི་ཡོད།

ལན། དྲུག་བཞིའི་ལས་འགུལ་བསྐྱར་ལོག་བྱེད་པ་ནི་ཁག་པོ་རེད། རྒྱ་ནག་ལ་འདས་པའི་ལོ་ ༢༠ ཚུན་ལ་དཔལ་འབྱོར་ཡར་རྒྱས་སོང་བ་བཞིན། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་བརྟེན། མི་རིགས་རིང་ལུགས་ཀྱི་ལྟ་བའང་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། ཉེ་ཆར་གྱི་དཔེ་མཚོན་ནས་ཞུས་ན། སི་ཁྲོན་ས་ཡོམ་དང་། ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་དང་ལུས་རྩལ་འགྲན་བསྡུར་བཅས་ཀྱི་སྐབས་སུ་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཀྱི་ཐབས་ལམ་སྤྱད་ནས་རྒྱ་མི་རིགས་ཀྱི་མིག་ལམ་དུ་གུང་ཁྲན་ཏང་གི་གཟུགས་བརྙན་ཇེ་ཡག་ཏུ་བཏང་ཡོད་པ་རེད། འདི་ལྟར་དེང་སྐབས་རྒྱ་ནག་གི་གཞོན་སྐྱེས་སྤྱིའི་བསམ་བློའི་ནང་དུ་རྒྱ་ནག་གཞུང་མགོ་རྟིང་སློག་རྒྱུའི་བསམ་བློ་ཡོད་པ་མ་རེད། དམངས་གཙོའི་ལས་འགུལ་འདི་ལ་ལྟ་མཁན་ཕལ་ཆེ་བ་ནི་རྒྱ་ནག་གི་ཕྱི་ལོག་ལ་བྲོས་ཕྱིན་པའི་རྒྱ་རིགས་རྣམས་རེད། འདིའི་ནང་གི་མང་པོ་ཞིག་ནི་དྲུག་བཞིའི་དོན་རྐྱེན་ལ་འབྲེལ་བ་ཡོད་པ་རེད། ཡང་རྒྱ་ནག་ནང་ལོག་གི་ཤེས་ཡོན་པ་མང་པོ་ཞིག་གིས་ལས་འགུལ་སྤེལ་གྱིན་ཡོད་པ་རེད། ཁོང་ཚོར་སྲིད་དོན་ལྟ་བ་མི་འདྲ་བ་འཛིན་མཁན་ཞེས་མིང་བཏགས་ཡོད་པ་རེད། འདི་ལྟར་ཐ་ན་མིང་འདོགས་སྟངས་ཚུན་ཁ་ཁ་རེད། ཁོང་ཚོར་ལས་འགུལ་གྱི་ཆ་ནས་ཀྱང་གཅིག་གྱུར་གྱི་རྣམ་པ་མི་འདུག དེ་བཞིན་དུ་ཕྱི་ལོག་གི་རྒྱ་རིགས་དམངས་གཙོ་བཤད་མཁན་དག་གི་ཤུགས་རྐྱེན་དེ་རྒྱ་ནག་ནང་དུ་དེ་འདྲའི་ཆེན་པོ་ཞིག་མ་རེད། དེར་བརྟེན། ༢༠༠༩ ལོའི་ ༦ པའི་ཚེས་ ༤ ཉིན་ཡང་སྔར་གྱི་ལས་འགུལ་དེ་འདྲ་ཞིག་འབྱུང་གི་མ་རེད་བསམ།

དྲི་བ། ༢༠༠༨ ལོའི་ལོ་མཇུག་ཏུ། རྒྱ་ནག་ནང་དུ་དྲ་ཚིགས་ས་ཡ་ ༢་༡། དྲ་རྒྱ་སྔོག་མཁན་ས་ཡ་ ༢༩༠ དང་། དྲ་ཐོག་གི་ཟིན་བྲིས་པ་ས་ཡ་ ༡༠༠། དེ་བཞིན་དུ་ཁ་པར་ཡོད་མཁན་ས་ཡ་ ༩༧༧ དང་དེའི་ནང་དུ་ལག་ཐོག་ཁ་པར་ཅན་ས་ཡ་ ༦༢༤ ཡོད་སྟབས། གུང་ཁྲན་ཏང་གཅིག་པུའི་དྲིལ་བསྒྲགས་ཀྱིས་རྒྱ་མི་རིགས་ཀྱི་མིག་དང་རྣ་བ་ཚང་མ་ཁེབས་གི་རེད་དམ།
ལན། བརྒྱུད་ལམ་མང་དུ་ཕྱིན་པ་ནི་སྤྱིར་བཏང་གནས་ཚུལ་ལེགས་པོ་རེད། ཡིན་ཡང་། བརྒྱུད་ལམ་དེ་དག་སུས་སྟངས་འཛིན་བྱས་ཡོད་མེད་གཙོ་བོ་རེད། གོང་དུ་བཤད་པ་བཞིན། རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་བེད་སྤྱོད་གཉིས་ཀ་མཉམ་དུ་བྱས་སྟབས་ཁེ་ཕན་ཆེ་བ་དེ་རག་ཡོད་པ་རེད། ཁོང་ཚོས་གཞུང་ལ་གནོད་གཞིའི་གནས་ཚུལ་ཞིག་མཐོང་ཚེ་ལམ་སེང་འགོག་སྡོམ་བྱེད་གི་རེད། རང་གི་མཐུན་ཕྱོགས་ཀྱི་གནས་ཚུལ་རིགས་དང་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དང་འབྲེལ་བའི་གནས་ཚུལ་རིགས་ཤུགས་ཆེར་སྒྲོག་གི་རེད། དེར་བརྟེན་རྒྱ་ནག་ཏུ་བརྒྱུད་ལམ་ཇེ་མང་ཡིན་ཡང་བརྒྱུད་ལམ་དེ་དག་གིས་མི་དམངས་ལ་སྣེ་འཁྲིད་ཐུབ་པ་དང་། ལས་འགུལ་ཞིག་སློང་ཐུབ་པའི་གོ་སྐབས་ཆུང་ཆུང་རེད་སྙམ།

དྲི་བ། ལོ་འདིར་རྩོད་གཞི་ཆེ་བའི་དུས་དྲན་ཞིག་ཡོད་པ་ནི་རྒྱ་ནག་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༥༠ འཁོར་ཡོད་ཅེས་པ་འདི་རེད། སྐབས་འདིར་རྒྱལ་བ་རིན་པོ་ཆེ་དང་བྱེས་ཀྱི་བོད་མི་ཚོས་བཙན་བྱོལ་དུ་ཡོང་ནས་ལོ་ ༥༠ འཁོར་བར་སྲུང་གཙི་བྱེད་ཀྱིན་ཡོད། དེ་བཞིན་དུ་གཞིས་ཀྱི་བོད་མི་ཚོས་བཙན་གནོན་གྱི་འོག་ནས་ལོ་ ༥༠ བསྐྱལ་ཡོད་སྟབས། ལོ་འདིའི་དུས་དྲན་སྐབས་སླར་ཡང་ན་ནིང་གི་དོན་རྐྱེན་ལྟ་བུ་འབྱུང་རྒྱུའི་ཉེན་ཁ་འདྲ་མཐོང་གི་འདུག་གམ།
ལན། རྒྱ་ནག་ལ་མཚོན་ན་དུས་དྲན་འདི་ནི་ལས་ཀའི་རྣམ་གྲངས་མང་པོ་དང་དཔལ་འབྱོར་གྱི་ཁ་གྲངས་མང་པོ་ཞིག་བགྲང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ངོ་སྤྲོད་དང་། བོད་ལ་བདེ་སྐྱིད་བསྐྲུན་པའི་སྐོར་བཤད་རྒྱུ་དེ་རེད། ཡིན་ནའང་། བོད་ནང་གི་འབྲེལ་ཡོད་དང་རྒྱུས་ཡོད་ཚོས་བཤད་པ་ལྟར་ན། རྒྱ་ནག་གིས་ད་སྔ་ནས་བོད་ནང་གི་ས་ཆ་གང་སར་དམག་མིས་མནན་ཅིང་། འདིའི་ཁྲོད་ནམ་རྒྱུན་གྱི་སྤྱི་བདེ་མི་སྣའི་ཁར་བཅིངས་འགྲོལ་དམག་མི་དང་། དྲག་ཆས་ཉེན་རྟོག་མི་སྣ་འཕར་སྣོན་སོགས་ཚུལ་འདུག གནད་དོན་གཞན་ཞིག་ནི། བོད་ནང་གི་བོད་མི་ལ་རྒྱ་ཅན་དང་སྙིང་སྟོབས་ཅན། ལས་འགུལ་གྱི་སྣེ་འཁྲིད་ཐུབ་མཁན་མང་པོ་ཞིག་ ༢༠༠༨ ལོར་རྒྱ་གཞུང་གིས་རྩྭ་འབྲེག་པ་བཞིན་ཚར་གཅོད་བྱས་ཟིན་པ་རེད། རྒྱ་ནག་གཞུང་གི་དྲག་པོའི་བཙན་གནོན་འདིས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་རེད་སྙམ། དེར་བརྟེན་ལོ་སྔོན་མ་ལྟར་བོད་ས་ཁྱོན་ཡོངས་སུ་བོད་མི་རྣམས་དུས་གཅིག་ཏུ་སྡེབ་ལངས་བྱེད་རྒྱུ་ཁག་པོ་རེད། ཡིན་ཡང་། ས་ཁུལ་རང་བཞིན་གྱི་ངོ་རྒོལ་དང་། ཡར་ལངས། ཆབ་སྲིད་ཀྱི་ལས་འགུལ་སོགས་ཡོང་རྒྱུ་ནི་ཕལ་ཆེར་ཁག་ཐེག་ལྟ་བུ་རེད་ལ། དེ་ལྟར་བཤད་མཁན་ཡང་འདུག

དྲི་བ། གོང་དུ་བཤད་པ་ལྟར། རྒྱ་ནག་ནང་འདི་ལྟའི་ལས་ཤོར་གྱི་དཀའ་ངལ་བྱུང་བ་ཡིན་ན། རྒྱ་ནག་གཞུང་གི་གོ་སྐབས་ཤིག་ནི་སླར་ཡང་ནུབ་བརྒྱུད་ཐོན་སྐྱེད་ཆེན་མོའི་དར་ཆའི་འོག་ནས་རྒྱ་མི་སྔར་ལས་མང་བ་ཞིག་བོད་ལ་མངགས་རྒྱུའི་ཉེན་ཁ་མཐོང་གི་འདུག་གམ།
ལན། འདི་ཉེན་ཁ་ཆེ་ཤོས་དེ་རེད། སྔོན་མ་ ༡༩༥༠ ང་གྲངས་ནང་ར་ཤི་ཡ་དང་རྒྱ་ནག་གི་དམག་འཁྲུག་སྐབས་ལྟོགས་ཤི་དང་མུ་གེ་ཆེན་པོ་བྱུང་སྐབས། མའོ་ཙེ་ཏུང་གིས་ནུབ་བྱང་ཁུལ་འཛུགས་སྐྲུན་ལ་ཁ་གཡར་ནས་རྒྱ་ནག་གི་གཞོན་སྐྱེས་ཁྲི་ ༧༠ ཙམ་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ལ་མངགས་པ་རེད། དེང་སྐབས་མདོ་སྨད་ཕྱོགས་སུ་གཏན་སྡོད་བྱེད་མཁན་རྒྱ་རིགས་ཕལ་ཆེ་བ་ནི་སྐབས་དེ་དུས་ཡོང་བ་རེད། ད་རེབ་ཀྱང་ཐབས་ཤེས་འདི་ལག་བསྟར་བྱེད་པའི་ཉེན་ཁ་ཡོད་པ་རེད། འདི་ལྟར་སླེབས་ཚེ་བོད་ས་ཁུལ་གྱི་དཔལ་འབྱོར་དང་ལས་ཀའི་གོ་སྐབས་སོགས་དོ་མ་མཉམ་པ་ཆགས་ནས་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་རུ་འགྲོ་གི་རེད། བོད་ས་ཁུལ་དུ་ད་སྐབས་ཀྱང་བོད་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་ཁང་དང་ཟ་ཁང་མགྲོན་ཁང་ཆེན་པོ་སོགས་སྒོ་ཕྱེ་ཆོག་གི་ཡོད་པ་མ་རེད། གང་ཡིན་ཅེ་ན། དེར་བོད་པ་མང་པོ་འཛོམས་པ་ཡིན་ན་སླར་ཡང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེན་ཁ་མཐོང་གི་ཡོད་པ་རེད། རྒྱ་ནག་གི་གླུ་གར་ཁང་སོགས་སྒོ་ཕྱེ་ཆོག་གི་ཡོད་པ་རེད། འདི་ལྟར་ཚོང་ལས་གཉེར་ཕྱོགས་ནས་ཀྱང་ཁྱད་པར་ཤོར་གིན་ཡོད་པ་རེད།

དྲི་བ། ད་སྐབས་རྒྱ་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་འཛུགས་སྐྲུན་ཞེས་བོད་ཀྱི་འབྲོག་པ་རྣམས་གྲོང་བརྡལ་དུ་སྒྱུར་གིན་ཡོད་པ་རེད། འདི་ལ་ལེགས་ཉེས་ཅི་ཞིག་མཐོང་གི་ཡོད།
ལན། ངས་ལོ་བཞི་ལྔ་ཞིག་གི་གོང་ནས་འདིའི་ཐད་དོ་སྣང་བྱས་པ་ཡིན། འདི་རྒྱ་ནག་གི་ཐབས་བཀོད་ནག་པོ་ཞིག་རེད། བོད་མི་རིགས་ཀྱི་རིག་གནས་ཀྱི་ཕྱོགས་ནས་གཙོ་བོ་འབྲོག་པའི་རིག་གནས་རེད། འབྲོག་པའི་འཚོ་བ་རོལ་སྟངས་རེད། འདི་བོད་མིའི་རིག་གནས་ཀྱི་རྨང་གཞི་ལྟ་བུར་ཆགས་འདུག ཕྱོགས་གཞན་པ་ཞིག་ནི་དགོན་པ་རེད། འདི་གཉིས་ནི་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱེད་མི་བདེ་བ་དང་། བྱེད་མི་ཐུབ་པའི་དཀའ་ངལ་ཆགས་ཡོད་པ་རེད། སྔོན་མ་ ༡༩༥༠ ང་གྲངས་ནང་ནས་དཀའ་ངལ་འདི་འཕྲད་པ་རེད། དེ་ཡིན་དུས་རྒྱ་ནག་གིས་བོད་ཀྱི་འབྲོག་པ་རྣམས་གྲོང་ཁྱེར་ལ་མ་ཕབ་ན་ཁོང་ཚོའི་ཆབ་སྲིད་ཀྱི་སྟངས་འཛིན་དང་དབང་བསྒྱུར་བྱེད་བདེ་བ་ཡོད་པ་རེད། ཕྱོགས་གཞན་ནས་བཤད་ན། རྒྱ་མི་རྣམས་བོད་ས་ཁུལ་ལ་ཡོང་ནས་འདུག་དགོས་ན་ངེས་པར་དུ་གྲོང་ཁྱེར་ཞིག་ལ་བསྟུན་དགོས་པ་རེད། ཁོང་ཚོར་གྲོང་ཁྱེར་མེད་ཚེ་འབྲོག་པའི་རྩྭ་ཐང་ནས་ས་འཛིན་ཐུབ་གི་ཡོད་པ་མ་རེད། གྲོང་ཁྱེར་བཟོས་རྗེས་བོད་མི་རྣམས་རྒྱ་ནག་གི་ནང་འཐིམ་འགྲོ་གི་རེད། འདི་རྒྱ་ནག་གི་ཁེ་ཕན་གཞན་ཞིག་རེད། སྤྱིར་བཏང་འབྲོག་པ་ནི་ཨོ་སི་ཊོ་ལི་ཡ་དང་ནེའུ་ལན་ཌི་སོགས་ནུབ་ཕྱོགས་སུའང་ཡོད་པ་རེད། དེར་བརྟེན་ང་ཚོས་ཀྱང་ཁོང་ཚོ་ལྟར་དེང་རབས་ཀྱི་འབྲོག་པའི་འཚོ་བར་བཅོས་བསྒྱུར་བྱེད་ཆོག་གི་རེད། ཡིན་ཡང་མི་དམངས་ཀྱི་སེམས་ཁམས་དང་ཁོར་ཡུག་བཅས་ལ་དོ་ཕོག་མི་འགྲོ་བ་ཞིག་དགོས་པ་རེད། ཡུལ་དུས་གནས་བབ་ལ་དཔག་པའི་སྒོ་ནས་བཅོས་བསྒྱུར་བྱེད་དགོས་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།