༣༠༠ ལྷག་འདུག
02/12/2008 23:15
རྡ་སར་རེག་དུག་ན་ཚ་ཅན་ ༣༠༠ ལྷག་འདུག
རྒྱ་མིས་བོད་མི་རྩ་མེད་བཟོ་བའི་སྲིད་བྱུས་འདྲ་མིན་བཟོ་བཞིན་པ་ལྟར་ཨེཌསེ་ནད་རིགས་འདི་ཡིས་ཀྱང་མི་རིགས་རྩ་མེད་བཟོ་བའི་ཉེན་ཁ་ཆེན་པོ་ཡོད་ཅེས་བཙན་བྱོལ་བོད་མིའི་གསོ་རིག་ཆེད་ལས་པས་བརྗོད་ཡོད་པ་རེད།
སྤྱི་ཟླ་ ༡༢ ཚེས་ ༡ ཉིན་ནི་འཛམ་གླིང་ཨེཌསེ་ཉིན་མོ་ཡིན་ལ། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཉིན་མོ་འདི་སྲུང་གཙི་གནང་ཡོད་པ རེད། ཨེཌསེ་ནི་མིའི་རིགས་ཀྱི་ཚེ་སྲོག་འཕྲོག་མཁན་གྱི་ནད་རིགས་བཅོས་ཐབས་མེད་པ་ཞིག་རེད་ལ། ད་ལྟའི་བར་ནད་གཞི་འདིའི་རྐྱེན་པས་མི་གྲངས་ས་ཡ་ ༢༥ འདས་གྲོངས་སུ་སོང་ཡོད་པ་དང༌། རང་རེའི་བོད་མིའི་སྤྱི་ཚོགས་སུ་ལོ་རེ་རེ་ནས་ནད་རིགས་འདི་ཡོད་པའི་གཞོན་སྐྱེས་ཀྱི་གྲངས་ཀ་འཕར་བཞིན་ཡོད་འདུག རྩོམ་སྒྲིག་པའི་ལམ་སྟོན་ལྟར་ང་ཨེཌསེ་ནད་རིགས་འདི་བོད་མིའི་སྤྱི་ཚོགས་སུ་རྒྱ་ཁྱབ་གང་འདྲ་ཞིག་སོང་ཡོད་མེད་དང༌། དེ་ལ་སྔོན་འགོག་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྒྲུབ་ཀྱི་ཡོད་མེད། ནད་རིགས་འདི་ཡོད་པའི་མི་གྲངས་ཀྱི་འཕེལ་ཚད་མགྱོགས་པོར་ཕྱིན་ན་མི་རིགས་རང་གི་ཆབ་དཔལ་རིག་གསུམ་ལ་ཤུགས་རྐྱེན་ཐེབས་མིན་སོགས་ཀྱི་སྐོར་ལ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཛིན་དང༌། ཆེད་ལས་སྨན་པ་སོགས་ལ་བཀའ་འདྲི་ཞུ་བར་སོང་བ་ཡིན།
བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ལ། ཨེཌསི་ནད་རིགས་འདི་ལ་བདེ་ལེགས་སྨན་ཁང་ནས་བརྟག་དཔྱད་བྱ་གིན་ཡོད་མེད་དང། གལ་ཏེ་ཡོད་ན་སྨན་ཁང་གིས་དེ་ལ་མཐུན་རྐྱེན་གང་འདྲ་སྦྱར་ཏེ་སྨན་བཅོས་བྱེད་ཀྱིན་ཡོད་མེད། ད་ལྟའི་བར་ནད་རིགས་འདི་ཕོག་ཡོད་པའི་བོད་མི་ག་ཚོད་ཙམ་ཡོད་པ་དྲིས་སྐབས། ཁོང་གིས། ང་ཚོས་ནད་རིགས་དེ་ཡོད་མེད་ལ་བརྟག་དཔྱད་རིམ་པ་གསུམ་བྱེད་ཀྱིན་ཡོད། དང་པོ་དེ་བདེ་ལེགས་སྨན་ཁང་དང༌། གོམ་པ་གཉིས་པ་དེ་ང་ཚོས་རྒྱ་གར་གཞུང་གི་སྨན་ཁང༌། གོམ་པ་གསུམ་པ་དེ་སིམ་ལའི་སྨན་ཁང་དུ་བྱེད་ཀྱིན་ཡོད། ནད་རིགས་འདི་ཡིན་པ་གཅིག་མཐུན་བྱུང་ན་གཞི་ནས་སྨན་བཅོས་བྱ་རྒྱུའི་མགོ་རྩོམ་གི་ཡོད། ཧི་མ་ཅལ་མངའ་སྡེ་རུ་ནད་རིགས་འདི་ཡོད་མཁན་ཚོར་སྨན་བཅོས་བྱེད་སའི་རྒྱ་གར་སྨན་ཁང་སིམ་ལ་དང་ཅན་རྡི་སྒར་གཉིས་ལ་ཡོད་པ་རེད། གལ་ཏེ་བོད་མི་ཞིག་ལ་ཨེཌསེ་ནད་རིགས་འདི་བྱུང་ནས་སྨན་བཅོས་བྱ་འདོད་ཡོད་ཚེ་བདེ་ལེགས་སྨན་ཁང་གི་ལམ་སྟོན་འོག་འགྲོ་གྲོན་ཚང་མ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་གཏོང་གི་ཡོད། ཡིན་ན་ཡང་སྨན་ཁང་གི་ངོས་ནས་ག་ཚོད་ཡོད་མེད་ཀྱི་གྲངས་ཀ་དེ་བཤད་ཐུབ་གི་མི་འདུག་ཀྱང༌། ད་ལྟའི་ཆར་ནད་རིགས་བོད་མིའི་སྤྱི་ཚོགས་ཁྲོད་ལོ་རེར་ལྡབ་རེ་ཡིས་མང་དུ་འགྲོ་གིན་འདུག ལྷག་པར་དུ་ནད་རིགས་འགོས་མཁན་ཚོ་ལོ་ན་གཞོན་པ་དེ་ཚོ་རེད། ཅེས་འགྲེལ་བརྗོད་གནང་བྱུང༌། ཨེཌསེ་ནད་རིགས་འབྱུང་རྐྱེན་གཙོ་བོ་དེ་གང་ཡིན་པ་དང༌། བདེ་ལེགས་སྨན་ཁང་གི་ངོས་ནས་དེ་ལ་སྔོན་འགོག་གི་ལས་གཞི་སྤེལ་མྱོང་ཡོད་མེད་སོགས་ཀྱི་ཐད་ལ་དྲིས་དུས། ཁོང་གིས། ད་ལྟ་བདེ་ལེགས་སྨན་ཁང་གི་ངོས་ནས་ཨེཌསེ་དང༌། གློ་ནད། མཆིན་པའི་ནད་རིགས་བཅས་གསུམ་གྱི་སྒང་ལ་ཆ་ཚང་བའི་བརྟག་དཔྱད་དང༌། སྨན་བཅོས་བྱེད་རྒྱུའི་ལས་གཞི་ཞིག་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། མི་རིང་བར་མགོ་འཛུགས་གནང་གིན་རེད། སྤྱིར་ནད་རིགས་འདི་འགོས་སྟངས་ལ་འཁྲིག་སྤྱོད་དང༌། སྤྲིད་སྨན་གྱི་ཁབ་རྒྱག་པ། ཨ་མས་བུ་ཕྲུག་ལ་འོ་མ་སྤྲོད་པ་སོགས་ལས་འབྱུང་གི་ཡོད། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་སུ་ནད་རིགས་འགོས་ལམ་ཉེན་ཁ་ཆེ་ཤོས་དེ་སྤྲིད་སྨན་གྱི་ཁབ་རྒྱག་པ་དང༌། བོད་མི་ཚོ་ཚོང་ལས་ཀྱི་ཆེད་དུ་ས་ཁུལ་གཞན་ལ་སོང་སྟེ་བཤང་ཁང་སོགས་སུ་སོང་བ་ལས་ནད་རིགས་འདི་མང་པོ་ཁུར་ཡོང་གི་ཡོད་པས་བཟའ་ཚང་གཉིས་ཀ་ལ་འགོས་འགྲོ་གི་རེད། ང་ཚོའི་ངོས་ནས་བརྙན་འཕྲིན་དང་གསར་ལམ་ཁག་བརྒྱུད་ནས་མི་མང་ལ་ཉེན་བརྡ་དང་དེའི་སྒང་ལ་ཤེས་བྱ་གང་ཐུབ་སྤྲོད་གི་ཡོད། བོད་ནང་ལ་མཚོན་ན་ང་ཚོས་གང་ཡང་གནང་ཐུབ་གི་མི་འདུག ཡིན་ན་ཡང་རང་དབང་ལུང་པ་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང༌། བདེ་ལེགས་སྨན་ཁང་གིས་འགན་གཙོ་བོ་བཞེས་ནས་མི་མང་ལ་ནད་རིགས་འདིའི་ཐད་ལ་བསླབ་བྱ་དང་ལས་འགུལ་སྤེལ་དགོས་ཀྱི་འདུག ཅེས་གསུང་བ་དང༌། ཁོང་གིས་མུ་མཐུད་ནས་སློབ་གྲྭ་སོགས་སུ་ལོ་ན་ལོན་པའི་སློབ་ཕྲུག་ཚོར་ང་ཚོའི་སྨན་པ་དང༌། ལས་བྱེད་ཆེད་ཕེབས་ཀྱིས་འཁྲིག་སྤྱོད་འགྱིག་ཤུབ་མཁོ་སྤྲོད་བྱེད་ཀྱིན་ཡོད་ཀྱང༌། དེ་བེད་སྤྱོད་མི་གཏོང་མཁན་དེ་འདྲ་འདུག ཡིན་ན་ཡང་ཕོ་མོ་མང་པོ་ལ་མཚན་རྟགས་ལ་གཉན་ཁ་དང་ཚ་བ་འབར་བའི་ན་ཚ་ཡོད་པས་ཨེཌསེ་ནད་རིགས་འདི་ཡོང་སླ་བ་ཡོད། རྒྱུ་མཚན་ནད་རིགས་འདི་རྨ་དང་རྨས་སྐྱོན་གྱི་བུ་གར་འཛུལ་སླ་བ་ཡོད། ཅེས་གསུངས་བྱུང༌། ཡང་ཁོང་ལ་ད་ལྟ་བོད་མིའི་སྤྱི་ཚོགས་ལ་ཡུལ་སྐོར་བས་ནད་རིགས་འདི་ཁུར་ཡོང་གི་འདོད་མཁན་ཡོད་ལ། དམིགས་བསལ་གྱིས་བོད་མིའི་སྤྱི་ཚོགས་སུ་ལོ་ཤས་ནང་ཕྱི་ནས་ཡོང་བའི་བུད་མེད་ཁ་ཤས་གཏན་སྡོད་ཀྱིས་ལུས་བཙོང་པའིལས་ཀ་བྱེད་གི་ཡོད་པ་རེད། དེ་ཚོ་ལ་སྨན་ཁང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། བུད་མེད་ཚོགས་པ་སོགས་ཀྱིས་ལས་འགུལ་འདྲ་སྤེལ་ཐུབ་མིན་དང༌། དེ་གནད་འགག་ཡིན་མིན་སོགས་ལ་དགོངས་འཆར་ཅི་ཡོད་ཞུས་སྐབས། ཁོང་གིས། འདི་གནད་འགག་ཅིག་རེད། ད་དུང་ལོ་རེ་རེ་ལ་ནད་རིགས་འདི་འགོས་མཁན་གྱི་ཁ་གྲངས་ཀྱང་མང་ནས་མང་དུ་འགྲོ་གི་འདུག ཡིན་ན་ཡང་གཞུང་ཞིག་ལ་མཚོན་ན་ས་མཚམས་ཤིག་ཡོད་པ་རེད། མཚམས་དེ་ལས་བརྒལ་བའི་ལས་ཀ་བྱ་ཐུབ་གི་མ་རེད། བུད་མེད་ཚོགས་པ་སོགས་ཀྱིས་བོད་པའི་མི་རབས་གསར་བ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ཁྱེར་ནས་ལས་འགུལ་སྤེལ་ན་ཡག་པོ་འདུག དེ་མ་ཡིན་པར་བདེན་དཔང་ཡོད་ཚེ་ས་གནས་སྐོར་སྲུང་བར་ལན་སྐྱེལ་ན་ས་གནས་རང་གི་ཁྲིམས་འོག་ནས་ཕྱིར་འབུད་གཏོང་ཐུབ་གི་རེད། ཅེས་གསུངས་བྱུང༌།
བོད་གཞུང་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ལ་བོད་ལུགས་གསོ་རིག་གི་ནང་ནས་ཨེ་ཌསེ་ནད་རིགས་འདི་གང་འདྲ་ཞིག་ལ་ངོས་འཛིན་གི་ཡོད་པ་དང༌། བོད་ལུགས་གསོ་རིག་གི་གཞུང་དུ་ནད་རིགས་འདི་ལ་སྔོན་འགོག་དང་སྨན་བཅོས་བྱེད་ཐབས་གང་འདྲ་ཡོད་མེད་དྲིས་དུས། ཁོང་གིས། ནད་རིགས་འདི་ལ་བོད་ལུགས་གསོ་རིག་གི་ནང་ནས་ལྷན་སྐྱེས་སྲིན་འབུ་འཁྲུགས་པ་ཞེས་པ་དེ་རེད། ཡིན་ཡང་༧གོང་ས་མཆོག་གིས་དེ་ལ་གཉན་ནད་རེག་དུག་ཟེར་ནས་གསུངས་པས་ད་ལྟ་སྨན་པ་མང་པོས་དེ་ལྟར་འབོད་གི་ཡོད། ནད་རིགས་འདི་བོད་ལུགས་གསོ་རིག་གི་ནང་དུ་ཧ་ཅང་གིས་ཁ་གསལ་བོ་བྲིས་ཡོད་པ་རེད་ལ། གསོ་རིག་གི་གཞུང་དུ་མ་འོངས་སྙིགས་མའི་དུས་སུ་མི་སོ་སོའི་འཚོ་གནས་ཀྱི་འབྲེལ་བ་ཉམས་པ་དང༌། ཁོར་ཡུག་བེད་སྤྱོད་ལོག་པར་བཏང་ནས་ནད་འབུ་འཇིགས་སྣང་ཅན་ཞིག་ཡོང་གི་ཡོད་པ་བསྟན་ཡོད་ལ། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལོག་ནས་འབྲེལ་བ་ཉམས་པ་ཟེར་བ་དེ་ད་ལྟའི་དུས་ལ་ཕོ་དང་ཕོ། མོ་དང་མོ་ལུས་འབྲེལ་བྱུང་བ། བཟའ་ཚང་གི་དམ་ཚིག་ཉམས་ནས་འབྲེལ་བ་ཕྱིན་ཅི་ལོག་པ་བྱས་ཏེ། འཚོ་བ་དང་ཁོར་ཡུག་ལོག་སྤྱོད་འོག་ནས་སྲིན་འབུ་འདི་འདྲ་བ་ཞིག་ཡོང་གི་ཡོད་པ་དེ་སྔོན་འགོག་ལ་སྤྱོད་ལམ་ཡག་པོ་དང་འབྲེལ་ལམ་ལ་གཟབ་གཟབ་གནང་དགོས་པ་དེ་རེད། འདི་བོད་ལུགས་གསོ་རིག་ཁྲོད་ངོས་འཛིན་བྱེད་བཞིན་པའི་ད་ལྟའི་ཨེཌསེ་ནད་རིགས་འདི་རེད། ད་ལྟའི་ཚན་རིག་པ་དེ་ཚོས་ཞིབ་འཇུག་བྱས་པ་བརྒྱུད་བོད་ལུགས་གསོ་རིག་ཏུ་བསྟན་པའི་ནད་རྟགས་དང༌། སྔོན་འགོག་སོགས་ཕྱི་ལུགས་གསོ་རིག་དང་མཐུན་པོ་ཡོད་པའི་ངོས་འཛིན་གནང་གིན་འདུག གཟུགས་པོའི་ཆ་ཤས་སྐྲང་བ་དང༌། ཚ་བ་འབར་བ། མགོ་ན་བ་སོགས་རྒྱུན་ལྡན་ནས་མང་པོར་ཡོད་ན་འདི་ནད་རྟགས་རེད། རྗེས་ནས་ག་ལེར་ལོ་ཤས་རྗེས་འདས་གྲོངས་སུ་འགྲོ་གི་ཡོད་རེད། ནད་རིགས་འདི་གློ་ནད་ནང་བཞིན་སྨན་བཅོས་བྱས་ན་སང་དྲག་ལ་འགྲོ་རྒྱུ་དེ་འདྲ་མ་རེད། ཡིན་ན་ཡང་སྨན་བཅོས་བྱས་ཚེ་ལོ་ཤས་རིང་ཚེ་ཐག་རིང་དུ་འགྲོ་བ་དེ་འདྲ་ཡོད། བོད་ལུགས་གསོ་རིག་ནང་དུ་ནད་འདི་ལ་དམིགས་བསལ་གྱི་སྨན་དེ་འདྲ་མེད། ཡིན་ན་ཡང་དབང་བོའི་ཆ་ཤས་རེ་རེ་ལ་སྨན་སྤྲོད་རྒྱུ་ཡོད་པས་དེ་ཡིས་ཏག་ཏག་ཕན་གི་རེད། ཅེས་གསུངས་བྱུང༌། བོད་མིའི་སྤྱི་ཚོགས་སུ་ནད་རིགས་འདིའི་སྐོར་ལ་དགོངས་འཆར་ཅི་ཡོད་དང༌། སྨན་པ་ཞིག་གི་ངོས་ནས་དམིགས་བསལ་གྱི་བོད་པའི་སྤྱི་ཚོགས་ལ་འགན་ཁུར་ཏེ་ནད་རིགས་འདི་རྒྱུད་པའི་བློ་འཚབ་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་སྐབས། ཁོང་གིས། སྤྱིར་བཏང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་སོགས་ཡོད་པ་རེད་དེ། ད་ལྟ་བར་ནད་རིགས་འདིའི་སྐོར་ལ་དམིགས་བསལ་གྱིས་ལས་གཞི་ཚགས་ཚུད་པོ་དེ་འདྲ་སྤེལ་མི་འདུག ཡིན་ན་ཡང་བློ་འཚབ་སྐྱེས་དགོས་པ་དེ་ནད་རིགས་འདི་འགོས་མཁན་ལོ་རེ་ནས་ཇེ་མང་ལ་འགྲོ་གིན་འདུག བོད་མིའི་མི་གྲངས་མ་གཞི་ནས་ཉུང་ཉུང་ཡིན་པའི་ཐོག་བོད་ནང་དུ་རྒྱ་ནག་གིས་འཆར་ལྡན་བུ་སྐྱེས་འདི་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པ་དང༌། བོད་ཁུལ་མང་པོ་ལ་ནད་རིགས་འདི་ཁུར་བའི་རྒྱ་རིགས་སྨད་ཚོང་མ་མང་ནས་མང་དུ་འགྲོ་གི་ཡོད་དུས་འདི་མི་རིགས་རྩ་མེད་ལ་འགྲོ་བའི་ཉེན་ཁ་དང༌། རང་དབང་ལུང་པར་ཡོད་པའི་བོད་མི་ནད་རིགས་འགོས་མཁན་མང་ཤོས་དེ་ལོ་ན་ཆུང་བའི་བུད་མེད་རེད། གལ་ཏེ་ནད་རིགས་འདི་ལ་སྔོན་འགོག་གི་ལས་འགུལ་སོགས་ཤུགས་ཆེན་པོས་མ་སྤེལ་བར་ཁྱབ་བརྡལ་ཆེན་པོ་ཆགས་ན་འདི་ནི་འཇིགས་སྣང་ཆེ་ཤོས་ཤིག་རེད། ང་རང་ཉིད་སྨན་པ་ཞིག་ཡིན་པའི་ཆ་ནས་གནད་དོན་འདི་ལ་སེམས་འཚབ་ཆེན་པོ་འདུག ལོ་གཉིས་ཀྱི་སྔོན་ལ་ང་དང་སྨན་པའི་ཆེད་ལས་པ་འགས་ཆེད་དུ་སྒེར་གྱི་ཚོགས་པ་མིང་ལ་གདམས་ཀ་ཞེས་པ་ཞིག་བཙུགས་ཡོད། ས་གནས་ ༥༢ ཙམ་ལ་སོང་ནས་སྔོན་འགོག་ཇི་ལྟར་གནང་དགོས་མིན་སོགས་ཀྱི་སྒང་ལ་ལམ་སྟོན་བྱེད་པར་སོང་ཡོད་པ་རེད་ལ། འདིའི་ཐད་ལ་འཕྲོད་བསྟེན་བཀའ་བློན་ནས་ཀྱང་ཕྱར་གྲུ་མཉམ་འདེགས་གནང་གི་ཡིན་གསུངས་ནས་ད་ལྟ་འཕྲོད་བསྟེན་ལས་ཁུངས་ཀྱི་རམ་འདེགས་ཀྱང་ཡོད། དེ་ནང་བཞིན་ནད་རིགས་འདི་འགོས་ཡོད་པའི་མི་ཕལ་ཆེ་ཤོས་འཚོ་གནས་ཞན་པོ་འདུག་པས་སྨན་བཅོས་ཀྱི་མཐུན་རྐྱེན་མི་འཛོམས་པ་དེ་ཚོར་མཐུན་རྐྱེན་སྦྱོར་གིན་ཡོད། ནད་རིགས་འདི་ད་ལྟའི་ཆར་ཚབས་ཆེ་རུ་འགྲོ་གི་འདུག བོད་པའི་སྤྱི་ཚོགས་ནང་དུ་ནད་རིགས་དེ་འདྲ་ཡོད་མཁན་ཧ་གོ་ཚེ་མིང་ཆད་དང་མི་གྲལ་ལ་མ་ཚུད་པ་འདྲ་བོ་ཡོད་པས། འདས་པའི་ཟླ་ཤས་ནང་མི་ལྔ་ཡིས་ང་ཚོ་ལ་གསང་སྟབས་ཀྱིས་ཁ་པར་བརྒྱུད་ནས་ཨེཌསེ་ནད་ཚའི་ཐད་ལ་ལམ་སྟོན་དང་མཐུན་རྐྱེན་གནང་རོགས་ཞུས་སོང༌། སྤྱིར་བཏང་གཞུང་གིས་ངོས་ནས་ཚད་ཏག་ཏག་ཞིག་བཤད་ཐུབ་གི་ཡོད་མ་རེད་དེ། ཕྱི་ལུགས་མཉམ་ཞིབ་པས་ཞིབ་འཇུག་བྱས་ཏེ་ཚོད་དཔག་བྱས་པ་ལྟར་ན་རྡ་རམ་ས་ལར་ཨེཌསེ་ནད་རིགས་ཡོད་མཁན་གཞོན་སྐྱེས་ ༣༠༠ ལྷག་ཡོད་པའི་ཉེན་ཁ་འདུག ཅེས་གསུངས་བྱུང༌། ཡང་ཁོང་ལ་གདམས་ཀ་ཞེས་པའིཚོགས་པ་འདི་བརྒྱུད་ནས་ནད་རིགས་འདིའི་ཐད་ལ་ལས་འགུལ་གང་འདྲ་སྤེལ་འཆར་ཡོད་མེད་དང༌། མ་འོངས་པ་བོད་ནང་གི་བོད་མི་ཚོ་ལ་ནད་རིགས་འདིའི་སྒང་ནས་ཕྱི་རྒྱལ་བ་དང་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་འཆར་ཡོད་མེད་ཐད་བཀའ་འདྲི་ཞུས་སྐབས། ཁོང་གིས། སྤྱི་ཟླ་ ༡༢ ཚེས་ ༡ ཉིན་ནི་འཛམ་གླིང་ཨེཌསེ་ཉིན་མོ་ཡིན་པས། ཉིན་འདི་ནས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྡ་རམ་ས་ལ་ནས་བོད་མི་ཚོར་ནད་རིགས་འདིཡོད་མེད་ལ་བརྟག་དཔྱད་གནང་གི་རེད། ཡིན་ན་ཡང་ཁག་པོ་རེད། མི་མང་པོ་ཡོང་གི་མ་རེད་བསམ་གྱིན་ཡོད། དེ་ཡིན་དུས་གཙོ་བོ་དེ་སློབ་སྟོན་གནང་དགོས་པ་གལ་ཆེན་པོ་རེད་ལ། གཟབ་གཟབ་བྱེད་ཕྱོགས་ཀྱི་ལམ་སྟོན་གནང་སྟེ་གཞོན་སྐྱེས་དེ་ཚོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཡོང་ཐབས་གནང་དགོས། དེ་གལ་ཆེན་པོ་རེད་བསམ་གྱིན་ཡོད། ཁ་ཉིན་འཕྲོད་བསྟེན་ལས་ཁུངས་ནས་ས་གནས་ ༡༧ ཙམ་གྱི་སྨན་ཞབས་ཡར་བསྐངས་འདུག་པས། ང་ཚོས་གོ་སྐབས་འདི་བརྒྱུད་ནས་ཉིན་གཉིས་ཀྱི་རིང་ལ་ཨེཌསེ་ནད་རིགས་འདིའི་སྔོན་འགོག་ཐབས་དང༌། ནད་རྟགས། མི་མང་གི་ཁྲོད་ནས་ནད་རིགས་འདི་ཡོད་མཁན་ཚོར་དབྱེ་འབྱེད་མི་ཡོང་པར་གང་གནང་དགོས་པ་སོགས་ཀྱི་ཟབ་སྦྱོང་ཕུལ་ཡོད། སྨན་ཞབས་ཚོ་ཕར་ཕེབས་རྗེས་ས་གནས་ཁ་ཤས་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཀྱིས་ཁ་པར་ཡོང་ནས་ལམ་སྟོན་གནང་བར་ཡོང་རོགས་ཟེར་གྱིན་འདུག ང་ཚོས་རང་གི་ཆེད་ལས་ཀྱི་ཐོག་ནས་ཁྱབ་ཆེན་པོ་དང་རྒྱང་རིང་པོའི་བར་ལ་ལས་འགུལ་སྤེལ་བར་རེ་བ་དང་ཤུགས་རྒྱག་གི་ཡོད། ང་ཚོ་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་བོད་མི་མང་པོ་ཞིག་ཆབ་སྲིད་ལ་དོ་སྣང་ཆེ་དྲག་ནས་འཕྲོད་བསྟེན་གྱི་སྒང་ནས་འཐུས་ཤོར་འགྲོ་བཞིན་པའི་རྣམ་པ་མཐོང་གི་འདུག ཡིན་ན་ཡང་བསམ་བློ་ནན་མོ་བཏང་ན། ནད་རིགས་འདི་ཆབ་སྲིད་དང་རིག་གཞུང་རྒྱུད་འཛིན་སོགས་མི་རིགས་ཤིག་གི་འགག་རྩ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། རྒྱ་མིས་བོད་མི་རྩ་མེད་བཟོ་བའི་སྲིད་བྱུས་འདྲ་མིན་བཟོ་བཞིན་པ་ལྟར་ཨེཌསེ་ནད་རིགས་འདི་ཡིས་ཀྱང་མི་རིགས་རྩ་མེད་བཟོ་བའི་ཉེན་ཁ་ཆེན་པོ་ཡོད། དཔེར་ན། ཨ་ཧཕི་རི་ཁའི་ས་ཁུལ་མང་པོ་ཞིག་ཏུ་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་མཁན་དང༌། རིག་གཞུང་རྒྱུད་འཛིན་གནང་མཁན་ལོ་ན་ ༡༨ ནས་ ༥༠ བར་གྱི་མི་གྲངས་ཕལ་ཆེར་རྩ་སྟོང་ལ་འགྲོ་གི་ཡོད་པ་རེད། ཤུལ་དུ་ཡོད་པ་ལོ་ན་རྒན་པ་དེ་ཚོ་དང་བྱིས་པ་རེད། ད་ལྟ་ནས་ང་ཚོས་ནད་རིགས་འདིའི་སྒང་ལ་གདོང་ལེན་དང་དོ་སྣང་མ་བྱེད་ན་མི་གྲངས་ཧ་ཅང་ཉུང་བའི་ང་ཚོ་ཕལ་ཆེར་ཁོ་ཚོའི་གནས་སྟངས་དེ་འདྲ་ཆགས་མི་སྲིད་པ་མ་རེད། ཅེས་གསུངས་བྱུང༌།