ཀུན་སློང་དག་དགོས

10/11/2009 10:09

ཆོས་བཤད་མཁན་ཉན་མཁན་གཉིས་ཀ་ཀུན་སློང་དག་དགོས

ང་ཚོ་ཚང་མ་ཆོས་ལ་དད་པ་བྱེད་མཁན་རེད། ཆུང་བྱིས་པའི་དུས་ནས་དད་པ་བྱེད་ཀྱིན་ཡོད། འོན་ཀྱང་། དད་པ་

བྱེད་ཡུལ་གྱི་ཆོས་དེ་ཡང་སྙིང་གང་འདྲ་ཞིག་ཡིན་པ་ཤེས་ཀྱིན་མེད་ལ། སློབ་སྦྱོང་གལ་ཆེན་ཡིན་པའི་དོན་གཉེར་

དང་འདུ་ཤེས་ཡང་དེ་ཙམ་མི་འདུག བོད་གངས་ཅན་ལྗོངས་ཡིན་ནའང་འདྲ་ལ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་

དད་པ་ཚོ་ཡིན་ནའང་འདྲ། ཆོས་ལ་སློབ་སྦྱོང་གིས་འདང་གིན་མི་འདུག ཅེས་༧གོང་ས་མཆོག་གིས་གསུངས་ཡོད།
        

གཟའ་ཟླ་བའི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་སྤྱི་ནོར་༧གོང་ས་མཆོག་གིས་མོན་རྟ་དབང་རྫོང་འཕྲོད་

བསྟེན་སྨན་ཁང་གི་༼ མཁའ་འགྲོ་འགྲོ་བ་བཟང་མོའི་སྨན་ཁང་ ༽ ཞུ་བ་དེ་སྒོ་འབྱེད་གནང་ཡོད་ལ། དེར་མངའ་སྡེ་སྤྱི་

ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་དང་ས་གནས་རྫོང་དཔོན། རྟ་དབང་དགོན་པའི་མཁན་པོ་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་

བཅས་ལྷན་བཅར་གནང་འདུག དེའི་རྗེས་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་རྟ་དབང་རྫོང་ཞོལ་གྱི་གསུང་ཆོས་རྭ་བར་

ཆིབས་སྒྱུར་བསྐྱངས་ཏེ། ༧གོང་ས་མཆོག་གིས་མོན་རྟ་དབང་མི་དམངས་ལ་བསྐྱར་དུ་ཐུག་འཕྲད་བྱུང་བར་དགའ་སྤྲོའི་

འཚམས་འདྲི་དང་སྦྲགས་ཏེ་གསུང་ཆོས་དབུ་འཛུགས་གནང་སོང་།

གསུང་ཆོས་ར་བ་དེར་ལྕགས་དྲ་འཐེན་ཞིང་མཐིལ་ཡོངས་སུ་གདན་བཏིངས་ཏེ་ཆོས་ཞུ་བ་རྣམ་པར་སྟབས་བདེ་གང་

ལེགས་བཟོས་འདུག་པ་མ་ཟད། མོན་པའི་ཡུལ་སྐད་དང་རྒྱ་གར་སྐད་བཅས་སུའང་གསུང་སྒྱུར་གྲ་སྒྲིག་བྱས་འདུག

ཐེངས་འདིའི་གསུང་ཆོས་ལ་མོན་རྟ་དབང་ཁུལ་གྱི་སྐྱ་སེར་མི་དམངས་གཙོས་པའི་འབྲུག་ཡུལ་དང་ཤར་པ། ཁུ་ནུ། གྲ་

གྲང་། སྒང་ཐོག འབུམ་སྡེ་ལ་བཅས་ཀྱི་ཆོས་ཞུ་བ་བཞི་ཁྲི་ ༤༠༠༠༠ ལས་བརྒལ་བ་ཕེབས་ཡོད་པ་དང་། ས་གནས་རྫོང་

གི་འབྲེལ་ཡོད་ཚན་པས་བརྗོད་པ་ལྟར་ན། ཐེངས་འདིར་༧གོང་ས་མཆོག་མོན་ཁུལ་དུ་ཆིབས་སྒྱུར་བསྐྱངས་པ་དེར་མི་

མང་པོ་ཞིག་གིས་སྔར་ལས་ལྷག་པའི་དོ་སྣང་བྱེད་ཀྱིན་ཡོད་པ་དང་། ཐོ་འགོད་བྱས་པའི་གྲངས་ཐོ་ལྟར་ན་གསར་འགྱུར་

བརྒྱུད་ལམ་པ་ ༡༥༠ ལྷག་ཕེབས་འདུག་ཟེར།
            

སྐབས་དེར་༧གོང་ས་མཆོག་གིས་ནང་ཆོས་ལ་རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་བྱ་དགོས་པ་ལས་རྨོངས་དད་བྱ་མི་

རུང་བའི་སྐོར་ནན་གྱིས་གསུངས་དོན། རྟེན་འབྱུང་དེ་ཁོ་ན་ཉིད་ཟེར་བ་དེ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་

ཆོས་རེད།    ང་ཚོ་ཚང་མ་ཆོས་ལ་དད་པ་བྱེད་མཁན་རེད། ཆུང་བྱིས་པའི་དུས་ནས་དད་པ་བྱེད་ཀྱིན་ཡོད། འོན་ཀྱང་།

དད་པ་བྱེད་ཡུལ་གྱི་ཆོས་དེ་ཡང་སྙིང་གང་འདྲ་ཞིག་ཡིན་པ་ཤེས་ཀྱིན་མེད་ལ། སློབ་སྦྱོང་གལ་ཆེན་ཡིན་པའི་དོན་གཉེར་

དང་འདུ་ཤེས་དེ་ཙམ་མི་འདུག བོད་གངས་ཅན་ལྗོངས་ཡིན་ནའང་འདྲ་ལ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་དད་པ་ཚོ་

ཡིན་ནའང་འདྲ། ཆོས་ལ་སློབ་སྦྱོང་གིས་འདང་གིན་མི་འདུག གཞན་རྒྱ་རིགས་ཆོས་གྲོགས་ཚོ་དང་ཀོ་རི་ཡ། ཉི་ཧོང་།

ཝེ་ཏི་ནམ་བཅས་ཀྱི་ཆོས་གྲོགས་ཚོར་ངས་ནམ་རྒྱུན་འབོད་སྐུལ་ཞུ་བཞིན་ཡོད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་པར་

སླེབས་ཡོད། ཕྱིའི་དངོས་པོ་ཡར་རྒྱས་དང་འབྲེལ་ཏེ་ཚན་རིག་གི་གོ་རྟོགས་ཚད་མཐོན་པོར་སླེབས་ཡོད། སངས་རྒྱས་ཀྱི་

ཆོས་དེ་ཚན་རིག་གི་འཕེལ་འགྲོས་དང་མཉམ་དུ་འགྲོ་ཐུབ་པ་ཞིག་ཆགས་ཡོད་སྟབས། སངས་རྒྱས་ཆོས་ཀྱི་གནས་ཚུལ་

མ་ཤེས་ན། ལོ་སྟོང་ཕྲག་རིང་གི་ཆོས་དེ་ཆོས་ལུགས་རྙིང་པ་དང་། ལུགས་སྲོལ་རྙིང་པ་ཙམ་དུ་མཐོང་སྲིད་པ་རེད།

ཅེས་དང་།
       

ཆོས་ལུགས་སོ་སོས་རང་གི་ཆོས་དེ་གཙོ་བོར་འཛིན་གི་རེད། ཆོས་རྒྱུད་འདྲ་མིན་ཡོད་པ་ལས་ཆོས་ལུགས་གཞན་དག་

ཚང་མའང་མི་ལ་ཕན་ཐོགས་ཀྱི་ནུས་པ་ཆེན་པོ་ཡོད་པ་ང་ཚོས་མཐོང་གསལ་རེད། འོན་ཀྱང་། སངས་རྒྱས་པའི་ཆོས་

ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་ཤེས་པ་ཡིན་ན།  ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་གི་རེད།   དེ་མིན་ལམ་

དང་ལུགས་སྲོལ་ལྟ་བུའི་ཐོག་ནས་བྱས་ན། རྨོངས་དད་ཆགས་རྒྱུའི་ཉེན་ཁ་ཡོད།     རྩ་བའི་དད་པ་བྱེད་ཡུལ་གྱི་ཆོས་

དེ་རྒྱུ་མཚན་མེད་པའི་རྨོངས་དད་ཀྱི་དབང་དུ་འགྲོ་བྱེད་ཅིག་མིན་ཡང་། དད་པ་བྱེད་མཁན་རང་ཉིད་ཀྱི་ངོས་ནས་

ཆོས་ཀྱི་གནས་ཚུལ་མ་ཤེས་པར། སྐྱབས་སུ་མཆི་ཟེར་ནས་བསྡད་ན་རྨོངས་དད་ཆགས་ཀྱིན་ཡོད། དེར་བརྟེན། སངས་

རྒྱས་ཀྱི་ཆོས་ལ་དད་པ་ཡོད་མཁན་ཚོ་དུས་རབས་ཉེར་གཅིག་པའི་སངས་རྒྱས་ཀྱི་ཆོས་པ་ཞིག་བྱ་དགོས་པ་རེད་ཟེར་

ནས་ངས་ནམ་རྒྱུན་འབོད་སྐུལ་ཞུས་བསྡད་ཡོད། ཅེས་གསུངས་བྱུང་།

ཁོང་གིས་མུ་མཐུད་དུ་ཆོས་འཆད་ཉན་བྱེད་སྐབས། བླ་སློབ་གཉིས་ཀར་ཀུན་སློང་རྣམ་དག་ཅིག་དགོས་པའི་གནད་

འགག་གསུངས་དོན། ཆོས་ཉན་པ་ལ་ཀུན་སློང་རྣམ་པར་དག་པ་ཞིག་དགོས་པ་རེད། མི་མང་གི་བྱ་བ་གང་ཞིག་ཡིན་

རུང་། བྱ་བ་བཟང་པོ་ཞིག་ལ་འགྲོ་བ་དང་། བྱ་བ་སྡུག་པ་ཞིག་ལ་འགྲོ་བ། དགེ་སྡིག་གང་ཡང་མ་ཡིན་པ་ཞིག་ཏུ་འགྲོ་

བ་སོགས་རྩ་བ་ཀུན་སློང་ལ་རག་ལས་ཡོད། དེ་བཞིན། ཆོས་འཆད་མཁན་ཚོའི་ངོས་ནས་ཀྱང་། བཤད་བྱ་ཆོས་ཡིན་ཡང་

ཀུན་སློང་རྒྱུ་ལ་ཆགས་པ་དང་། གཏམ་ལ་ཆགས་པ། བཀུར་བསྟི་སྙན་གྲགས་ཀྱིས་ཀུན་ནས་བསླངས་ཏེ་ཆོས་བཤད་པ་

ཡིན་ན། སྡིག་པའི་རྒྱུ་རུ་འགྲོ་བཞིན་ཡོད། དེ་བཞིན། ཁྱེད་རང་ཚོའི་ངོས་ནས་ཀྱང་ཀུན་སློང་རྣམ་དག་མ་བྱུང་ན། དུས་

ཚོད་འཕྲོ་བརླག་རེད། འགྲོ་སོང་མང་པོ་བཏང་ཞིང་དཀའ་ལས་ཆེན་པོ་བརྒྱབས་ནས་འདིར་ཡོང་བ་གོ་མ་ཆོད་པ་རེད།

ཅེས་དང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ཆོས་ལུགས་རང་རང་ལ་ཀུན་སློང་མི་འདྲ་བ་རེ་བཤད་རྒྱུ་ཡོད་ཀྱང་། འདིར་ང་

ཚོས་སངས་རྒྱས་པའི་ཆོས་བཤད་ཀྱིན་ཡོད། དེའི་ནང་ནས་དཔལ་ན་ལཱེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་ཞིག་བཤད་ཀྱིན་

ཡོད། དེ་ཐེག་པ་ཆེན་པོའི་ཆོས་རེད།   ཐེག་པ་ཆེན་པའི་ཆོས་ཉན་བཤད་བྱེད་སྐབས་ཀུན་སློང་ག་འདྲ་ཞིག་དགོས་པ་

རེད་ཟེར་ན། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དང་། སོ་སོ་གཅིག་པུའི་དོན་

དག་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད། མཐར་ཐུག་རྣམ་འདྲེན་རྒྱལ་བའི་ས་ལ་འགོད་པར་འདོད་

པ་ཞིག་ལ་སེམས་སྐྱེད་ཟེར་གྱིན་ཡོད། མདོར་ན་སྐྱབས་འགྲོ་དང་སེམས་སྐྱེད་གཉིས་ཀྱིས་ཟིན་པའི་ཐོག་ནས་ཆོས་ལ་ཉན་

བཤད་བྱ་དགོས་པ་རེད། ཅེས་གསུངས་བྱུང་།

ཡང་ཁོང་གིས་རྟེན་འབྲེལ་བསྟོད་པ་དབུ་འཛུགས་དང་འབྲེལ་མཛད་པ་པོའི་རྣམ་མཐར་ངོ་སྤྲོད་གནང་དོན། དཔེ་ཆ་

འདི་མཛད་མཁན་རྗེ་རིན་པོ་ཆེ་རེད། འདི་མཛད་པའི་དུས་ཚོད་རྗེ་རིན་པོ་ཆེ་མདོ་སྨད་ནས་ཡར་ཕེབས་ཏེ།    དབུས་

གཙང་ཁུལ་ནས་སློབ་གཉེར་སྐྱོན་ཏེ། དངོས་གནས་དྲང་གནས་དགེ་བཤེས་ཆེན་པོ་ཆགས་ཤིང་གྲྭ་སྐོར་མང་པོ་གནང་།

བྱ་བྲལ་དུ་ཕེབས་ཤིང་ཐོས་དོན་འགྲུབ་པར་བྱས་ཏེ། རྩེ་གཅིག་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སྒོམ་སྐྱོན་ཞིང་།

མཐར་རང་ཉིད་ཀྱི་རྣམ་དཔྱོད་ཐོག་ལ། ལྷན་གཅིག་བྱེད་རྐྱེན་དེ་རྒྱ་གར་མཁས་པ་དང་བོད་པའི་མཁས་པ་དག་གིས་

མཛད་པའི་གཞུང་ཕལ་མོ་ཆེ་ལ་གཟིགས་རྟོགས་དང་། ལྷག་པར་དུ་འཕགས་པ་བློ་གྲོས་ཡབ་སྲས་ཀྱི་གཞུང་བྱང་ཆུད་

པར་གནང་། དེའི་ཐོག་ལ་བྱ་བྲལ་དུ་ཕེབས་ཏེ་བསགས་སྦྱངས་དང་། ལྷ་དང་བླ་མར་གསོལ་འདེབས་བྱས། དེ་འདྲའི་

སྐབས་ཤིག་ལ་དབུ་མའི་ལྟ་བ་མཐར་ཐུག་པའི་གནས་མཐའ་དག་ལ་སྒྲོ་འདོགས་ཆོད་ཅིང་། ཐུགས་སུ་དབུ་མའི་ལྟ་བ་

ཡོངས་སུ་རྫོགས་པ་ཞིག་སྐྱེས་ཤིང་། ཐུབ་པའི་དབང་པོར་ཐུན་མོང་མ་ཡིན་པའི་དད་པ་འཁྲུངས་ཏེ། བསྟོད་པ་འདི་

ཉིད་མཛད་པ་རེད། སངས་རྒྱས་ཀྱི་ཆོས་ཡོངས་རྫོགས་རྟེན་འབྲེལ་ཟེར་བ་འདིའི་ནང་ཚུད་བསྡད་པ་ཞིག་ཆགས་ཡོད།

ཅེས་བཀའ་བསྩལ་བྱུང་།

                        བོད་ཀྱི་དུས་བབ་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ཀྱིས་མོན་རྟ་དབང་ནས་སྤེལ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།