ཁག་དཀྲི་གི་འདུག

02/12/2008 20:23

 

རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེར་ཁག་དཀྲི་གི་འདུག

 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས། ༧གོང་ས་མཆོག་གི་དགོོངས་གཞི་ལྟར། རྒྱ་ནག་མི་དམངས་ལ་འབྲེལ་བ་འཛིན་དགོས་པར་རྒྱབ་སྐྱོར་བྱས་ཡོད་ལ། ཡིན་ནའང་རྒྱ་ནག་གིས་བོད་དོན་ཐད་ནས་རྒྱལ་བ་རིན་པོ་ཆེར་ཁག་དཀྲི་བྱེད་གིན་ འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཚེས ༡ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོའི་ཚོགས་ཆེན་དེ་ལྡི་ལིའི་ཉེ་འགྲམ་ གྷོར་གྷན་ནས་མཇུག་བསྡུས་ཡོད་ལ། ཚོགས་ཆེན་ཐོག་བོད་དོན་རྒྱབ་སྐྱོར་བ་ཚོས་༧གོང་ས་མཆོག་གིས་རྒྱ་ནག་དང་ཞི་མོལ་ གྱི་ལམ་ནས་དཀའ་རྙོག་སེལ་བའི་ཐབས་ལམ་ལ་རྒྱབ་སྐྱོར་དང༌། དེ་བཞིན་པེ་ཅིན་གྱིས་ཞི་མོལ་ལ་བཟུང་བའི་རྣམ་འགྱུར་དང་། བཙན་བྱོལ་བོད་གཞུང་གིས་འབྲེལ་མོལ་གྱི་རིམ་པ་མཚམས་འཇོག་བྱས་པ་བཅས་ཀྱི་ཐོག་ བགྲོ་གླེང་གནང་ཡོད་འདུག 

ཚོགས་འདུ་འདི་ནི་བོད་ཀྱི་གནས་སྟངས་ཛ་དྲག་གི་སྐབས་སུ་འཚོགས་པ་དང༌། རྒྱ་ནག་གཞུང་གིས་བོད་མི་ཚོས་རྒྱ་ནག་གི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱས་པར་ དྲག་གནོན་བྱེད་བཞིན་པ་མ་ཟད། ཁག་དཀྲི་ཡོད་ཚད་༧གོང་ས་མཆོག་གི་སྒང་ལ་གཡུག་གིན་འདུག་ཅེས་ཚོགས་འདུ་འདིའི་ གཙོ་སྐྱོང་བ་སྐུ་ཞབས་ Dr. N.K. Trikha  ཡིས་གསུངས་ཡོད་པ་དང༌། ཁོང་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཙོ་སྐྱོང་བ་རེད་ལ་བོད་དོན་ རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཉིན་གསུམ་རིང་ལྡི་ལི་རུ་འཚོགས་པར་གོ་སྒྲིག་ གནང་མཁན་ཡང་ཚོགས་པ་འདི་ཡིན་པ་རེད། ཁོང་གིས་མུ་མཐུད་ནས། གལ་ཏེ་བོད་ཀྱི་གནད་དོན་འདི་མུ་མཐུད་ནས་ལྷག་ན་ལོ་རྗེས་མའི་ནང་བོད་དུ་ད་ལོ་ ལས་ལྷག་པའི་ཞི་རྒོལ་དང་དྲག་གནོན་འབྱུང་ངེས་རེད། ལོ་རྗེས་མའི་སྤྱི་ཟླ་  ༣ པའི་ནང་ནི་༧གོང་ས་མཆོག་གཙོས་པའི་བོད་མི་ཚོ་རྣམས་བཙན་བྱོལ་བ་ཆགས་ནས་མི་ལོ་ ༥༠ འཁོར་བའི་ལོ་ཡིན། རྒྱལ་སྤྱིའི་སྒང་ནས་དམིགས་ཡུལ་དང་གྲ་སྒྲིག་ཡོད་པའི་ཐོག་བཙན་བྱོལ་བོད་མིའི་ འབྱུང་འགྱུར་འཐབ་རྩོད་ཐད་ལ་བསམ་བློ་གསར་བའི་ལྟ་གོན་བྱ་དགོས་པ་རེད་ཅེས་ གསུངས་ཡོད། 

ཚོགས་ཐོག་ནས་ཚོགས་ཞུགས་པ་རྣམས་ཀྱིས་ད་ལོ་བོད་ནང་དུ་ཞི་རྒོལ་སྐབས་རང་སྲོག་ ཤོར་བའི་བོད་མི་རྣམས་དང༌། དེ་བཞིན་བདུན་ཕྲག་སྔོན་མའི་ནང་མུམ་བྷེ་ནས་དྲག་སྤྱོད་པའི་འོག་ཚེ་སྲོག་ཤོར་ བའི་མི་རྣམས་གྱི་ཆེད་དུ་ངག་བཅད་མྱ་ངན་ཞུས་ཡོད་ལ། དྲག་པོའི་ལམ་ནས་མི་མང་ལ་རྒོལ་རྡུང་གཏོང་ཡང་འཚེ་བ་མེད་པ་དང་ཞི་བའི་ཐོག་ནས་ ངོ་རྒོལ་གནང་མཁན་གྱི་བོད་མི་ཚོར་རྒྱལ་སྤྱིའི་མི་དམངས་ཀྱིས་ནན་ཏན་ཆེན་པོས་ རྒྱབ་སྐྱོར་གནང་དགོས་ཀྱི་ཡོད་ཅེས་ཚོགས་འདུའི་གཙོ་སྐྱོང་བས་གསུངས་ཡོད་པ་ རེད། 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནི་གཞུང་འབྲེལ་མ་ཡིན་པའི་རྒྱལ་ སྤྱིའི་ཐོག་གི་མི་སྒེར་གྱིས་གཙོ་སྐྱོང་གནང་བའི་བོད་དོན་རྒྱབ་སྐྱོར་བྱེད་ མཁན་གྱི་སྒྲིག་འཛུགས་རྣམས་ཡིན་ལ། ཚོགས་པ་འདི་དག་གིས་བོད་མི་རྣམས་ཚོས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་ གནང་བར་རྒྱབ་སྐྱོར་གནང་གིན་ཡོད་པ་རེད། འདི་ནི་ད་ལོ་བོད་ནང་དུ་དོན་རྐྱེན་བྱུང་རྗེས་འཚོགས་པའི་རྒྱལ་སྤྱིའི་བོད་དོན་ རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐོག་མ་དེ་ཡིན།

ད་ཐེངས་ཀྱི་ཚོགས་འདུ་འདི་ནི་བོད་མི་ཚོས་མུ་མཐུད་དུ་རྒྱ་ནག་གི་འོག་ན་སྡུག་ པོ་མྱོང་བཞིན་པར་བདག་སྤྲོད་དང་དོ་སྣང་བྱེད་ཀྱིན་པའི་མཚོན་དོན་ཡིན་ལ། བོད་མིའི་ཞི་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བོད་མི་ཁྲི་སྟོང་མང་པོ་བཙོན་ འཇུག་ཁྲིམས་ཆད་དང་གར་སོང་ཆ་མེད་དུ་འགྲོ་བཞིན་པར་རྒྱལ་སྤྱིའི་བོད་དོན་ཚོགས་ པ་ཚོས་གོམ་པ་མདུན་སྤོས་ཀྱིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ པའི་རྣམ་འགྱུར་ཡིན་ཅེས་གཙོ་སྐྱོང་བ་སྐུ་ཞབས་ Dr. N.K. Trikha  ཡིས་གསུངས་ཡོད། 

རྒྱ་ནག་གཞུང་གིས་སྐུ་ཚབ་ཚོ་ལ་ད་ལོ་ལྷ་སའི་ནང་དུ་དྲག་པོའི་ལས་འགུལ་སྤེལ་བ་ ཡིན་པར་བཤད་ཡོད་ཀྱང༌།  འདས་པའི་ཟླ་ ༦ རིང་ལ་བོད་ས་ཡོངས་ནས་ཞི་པའི་ངོ་རྒོལ་གནང་ཡོད་པ་རེད། རྐྱེན་འདི་དག་གིས་བོད་རྒྱའི་བར་གྱི་ཞི་མོལ་ལ་གྲུབ་འབྲས་ཐོན་མེད་ཀྱང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་པོ་ཞིག་གིས་བོད་རྒྱའི་ བར་གྱི་ཞི་མོལ་གྱི་འབྲེལ་ལམ་མུ་མཐུད་ནས་གནས་དགོས་པའི་བསམ་ཚུལ་བསྟན་ཡོད་ འདུག 

ད་རེབ་ཀྱི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགསཔ་རྣམས་ཀྱི་དམིགས་བསལ་ཚོགས་ ཆེན་སྟེང་དུ་ཚོགས་མི་རྣམས་ཀྱིས་བགྲོ་གླེང་ཅི་བྱུང་གི་བསམ་ཚུལ་རྣམས་བཙན་ བྱོལ་བོད་གཞུང་ལ་འབུལ་རྒྱུ་ཡིན་འདུག་ལ། དམིགས་བསལ་གྱིས་གྲོས་ཆོད་འགའ་བཞག་ཡོད་པ་ནི། དང་པོ།  ང་ཚོས་རྒྱ་མི་རིགས་ཀྱི་ནང་དུ་བསམ་ཚུལ་འདྲ་མིན་ཡོད་པའི་གནས་ཚུལ་ཤེས་ཐོག་རྒྱ་ ནག་གཞུང་གི་འོག་ན་དཀའ་སྡུག་མྱོང་བཞིན་པའི་མི་མང་དང་མཉམ་དུ་འབྲེལ་བ་གནང་ དགོས། གཉིས་པ།  རྒྱ་གར་གཞུང་ལྟ་བུ་ཨེ་ཤ་ཡའི་རྒྱལ་ཁབ་ཚོས་བོད་མིའི་གནད་དོན་ལ་དོ་སྣང་དང་ རྒྱབ་སྐྱོར་ཤུགས་ཆེ་རུ་གནང་དགོས་པ་སྟེ། བོད་ནི་ཨེ་ཤ་ཡའི་ཆུ་བོའི་འབྱུང་ཁུངས་ཡིན་པས་བོད་དོན་ནི་ཁོར་ཡུག་དང་འབྲེལ་བ་ ཡོད་པ་མ་ཟད། སའི་གོ་ལའི་སྣེ་གསུམ་པ་ཡང་ཡིན།  གསུམ་པ།  ༧གོང་ས་མཆོག་གི་ཡང་སྲིད་འཚོལ་ཞིབ་ལ་རྒྱབ་སྐྱོར་དང༌། ༧གོང་ས་མཆོག་གི་དབུ་ཁྲིད་ཀྱི་ལམ་ལུགས་དེ་ཧི་མ་ལ་ཡ་དང་སོག་པོ་སོགས་ནང་པའི་ མི་མང་གཞན་དག་ལ་ཡང་འབྲེལ་བ་ཡོད་པའི་ངོས་འཛིན་གནང་དགོས་པ་བཅས་ཡིན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།