ཁྱེད་མེད་ན་
25/12/2010 12:30
ཁྱེད་མེད་ན་ང་ཅི་ལྟར་གསོན།
ངས་ཁྱེད་ལ་བཤད།
ཁྱེད་གཟུགས་ནམ་མཁའི་འཇའ་རིས། །རྐྱེན་ངན་རླུང་བུས་མ་གཏོར། །
ངའི་གཟུགས་གཤོག་ལྡན་རྒོད་པོ། །དགའ་བའི་ ལྡིང་བསྐོར་བྱེད་ཆོག །
ཁྱེད་གཟུགས་རྫ་ཆུ་སིལ་མ། །གྲང་ངར་འཁྱག་གིས་མ་བསྡོམས། །
ངའི་གཟུགས་གསེར་མིག་ཉ་མོ། །སྐྱིད་པའི་འཁྱུག་རྩལ་ངོམས་ཆོག །
ཁྱེད་གཟུགས་ཡངས་བའི་རྩ་ཐང་། །ངན་སེམས་ལྕགས་འབུས་མ་ཟོས། །
ངའི་གཟུགས་ཞི་འཇམ་གཡང་དཀར། ། སྤྲོ་བའི་འཕེལ་ཁ་རྒྱས་ཆོག །
རེད་ཡ་་་ ཨ་ལྰི་ ཀ་ལྰི་་་
ཁྱེད་མེད་ན། ང་ལ་རིགས་གར་གྱི་མིང་འདི་ཅི་ལྟར་འདོགས།
ང་མེད་ན། ཁྱེད་ལ་ཚེ་སྲོག་གི་གསོན་ཤུགས་སུ་ཡིས་སྟེར།
ངོ་མི་་་་ ཁྱེད་མེད་ན་ང་ལ་བདེ་སྐྱིད་མེད།
ངེད་གཉིས་ནམ་ཡང་བྲལ་མེད་ཡིན། ༢༠༡༠། ༡༢། ༢༥ ཉིན་དཀོན་མཆོག་ནས།
———
Back