གྲངས་ཉུང་མི་རིགས་

07/08/2009 09:35

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་སུད་སི་ནང་ཞབས་སོར་བཀའ་དྲིན་

བསྐྱངས་བཞིན་པ་ལྟར་དེ་རིང་རེས་གཟའ་ཕུར་བུའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་རྒྱ་རིགས་དང་བོད་མི་ཁག་

ཅིག་དང་མཇལ་འཕྲད་གྲུབ་པའི་རྗེས་གསར་འགོད་པར་ཉེ་ཆར་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཀྱི་དྲག་

པོའིཟིང་ཆའི་དོན་རྐྱེན་བྱུང་བ་དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལམ་ལྷོང་

མི་བྱུང་བའི་རྟགས་མཚན་ཡིན་པ་དང་ད་དུང་བོད་ནང་དུའང་དེ་ལྟར་ནོར་འཁྲུལ་གྱི་སྲིད་ཇུས་ལག་བསྟར་བྱས་

ཡོད་པའི་སྐོར་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་པའི་བོད་ཀྱི་གནད་དོན་ཐག་

གཅོད་ཡོང་རྒྱུར་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་དགོངས་གཞིའི་ཐོག་ལ་རྒྱ་ནག་དང་བཙན་བྱོལ་བོད་གཞུང་

གི་སྐུ་ཚབ་བར་གྲོས་མོལ་དེ་ད་ལྟ་བསྐྱར་གསོ་བྱུང་མེད་པ་རེད་ཅེས་དང་རྒྱ་ནག་གཞུང་ཕྱོགས་ནས་ཉེ་ཆར་ཕྱི་ཟླ་བདུན་

པའི་ཚེས་ལྔ་ཉིན་ཤིན་ཅང་ནང་དུ་ཡུ་གུར་མི་རིགས་ཀྱི་ཟིང་ཆའི་དོན་རྐྱེན་ནང་ཁྱོན་མི་གྲངས་༡༩༧རྐྱེན་ལམ་དུ་ཕྱིན་

ལུགས་བཤད་པ་དེའི་འབྱུང་རྩ་ནི་རྒྱ་ནག་གཞུང་གིས་ད་བར་ཏུ་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་

བསྐྱར་དུ་གནོ་བསམ་གཏོང་དགོས་པའི་དུས་ལ་འབབ་ཡོད་པ་མ་ཟད་གཞི་རྩའི་སྲིད་ཇུས་དེ་ཡིས་གྲངས་ཉུང་མི་རིགས་

ཐོག་ལ་བདེ་སྐྱིད་ཀྱི་ཚོར་བ་སྐྲུན་ཐུབ་ཀྱི་མ་རེད་ཅེས་བཀའ་གནང་ཡོད་པ་རེད།

ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པར་རྒྱ་ནག་གི་དཔོན་རིགས་ལྟ་བ་མཁྲེགས་བཟུང་

འཛིན་མཁན་དང་དེང་རབས་བསམ་བློ་འཁྱེར་མཁན་གཉིས་བར་གྱི་བསམ་བློ་གཏོང་ཕྱོགས་དང་ལྟ་བ་འཛིན་ཕྱོགས་

སྐོར་འགྲེལ་བརྗོད་གནང་བ་མ་ཟད་རྒྱ་མི་རིགས་ཤེས་ལྡན་པའི་ཁྲོད་ནས་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་དགོས་

པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་ནི་མི་ལོ་ལྔ་འམ་ཡང་ན་བཅུའི་རྗེས་སུ་རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་ཡིན་པ་ཐུགས་

རེ་གནང་གི་ཡོད།

རྒྱ་ནག་ནང་གི་དཔོན་རིགས་མང་པོ་ཞིག་གིས་སྒེར་གྱི་བསམ་བློའི་ནང་རྒྱ་ནག་གི་སྲིད་ཇུས་དངོས་ཡོད་དང་མཐུན་པ་

ཞིག་ཐོག་བཅོས་བསྒྱུར་གཏོང་རྒྱུའི་འདོད་པ་འཛིན་མཁན་ཡོད་པ་རེད། དཔེར་ན་བོད་ཀྱི་གནད་དོན་ཐོག་ལ་ཆ་བཞག་

ན་རྒྱ་ཆུང་ས་ནས་བལྟས་པ་ཡིན་ཚེ་རེ་བ་མེད་པ་ཞིག་གཟིགས་ཀྱི་ཡོད་ཀྱང་བོད་ཀྱི་གནད་དོན་དེ་རྒྱ་ཆེ་ས་ནས་བལྟས་པ་

ཡིན་ཚེ་ངོས་ལ་རེ་བ་ཆེན་པོ་ཡོད་ཅེས་བཀའ་གནང་ཡོད་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།