ངྷ་སའི་དགུ་གཏོར།
24/02/2009 11:33
ཚེ་སྲོག་ཤོར་བའི་སྤུན་ཟླ་དག་གི་ལྷག་བསམ་དང་སྙིང་སྟོབས་ལ་གུས་འདུད་དང༌། ལྷག་པར་ཏུ་དཔའ་བོ་དཔའ་མོ་དེ་དག་གི་ཆེད་དུ་ལོ་ནག་སྲུང་གཙི་བྱ་རྒྱུན་ཡིན་ཟེར།
ཕྱི་ཚེས་ ༢༩ ཉིན། ལོ་སར་ཀླུ་གཏོར་གྱི་སྐབས་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མེག་གྷན་རླངས་འཁོར་་འབབ་ཚིགས་སུ་ས་གནས་མི་མང་ ༣༠༠ ལྷག་འདུ་འཛོམས་ཐོག་རང་ཁྱིམ་གྱི་དགུ་གཏོར་དང་དང་མཉམ་དུ་མའོ་ཙེ་ཏུང་དང་ཧུའུ་ཅིན་ཐའོ་གཉིས་ཀྱི་རྩྭ་གཟུགས་མེར་སྲེག་གི་ལས་འགུལ་ཞིག་སྤེལ་སོང་ལ། སྐབས་དེར་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་བོད་རྒྱལ་ལོ་ ༢༡༣༦ ལོའི་རབ་གནས་ས་གླང་ལོའི་ལོ་སར་ལོ་ནག་གིས་སྲུང་གཙི་བྱེད་དགོས་པའི་ལས་འགུལ་གྱི་ལས་རིམ་དང་པོ་དེ་དབུ་འཛུགས་བྱས་པ་ཡིན་ལ། ལོ་ནག་སྲུང་བརྩི་བྱེད་པའི་རྒྱབ་ལྗོངས་ནི། ལོ་སྔོན་མའི་གསུམ་བཅུའི་སྒེར་ལངས་ཐེངས་ ༤༩ པའི་སྟེང་གཞིས་ལུས་མི་མང་གིས་རྡོག་རྩ་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་གྱི་སྒོ་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དང༌། རྒྱ་ནག་དམར་པོ་མཐར་སྐྲོད་བྱ་ཆེད་ཞི་བའི་ཡར་ལངས་བྱས་ཏེ་སྤུན་ཟླ་སྟོང་ཕྲག་མང་པོ་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང༌། བརྒྱ་ཕྲག་མང་པོའི་རྩ་ཆེའི་ཚེ་སྲོག་ཀྱང་ཤོར་ཡོད་པ་དང༌། ད་དུང་མང་པོ་ཞིག་མནར་གཅོད་འོག་བསྡད་ཡོད་པ་རེད། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ངོས་ནས། ཚེ་སྲོག་ཤོར་བའི་སྤུན་ཟླ་དག་གི་ལྷག་བསམ་དང་སྙིང་སྟོབས་ལ་གུས་འདུད་དང༌། ལྷག་པར་ཏུ་དཔའ་བོ་དཔའ་མོ་དེ་དག་གི་ཆེད་དུ་ལོ་ནག་སྲུང་གཙི་བྱ་རྒྱུན་ཡིན། ཅེས་བཤད་ཡོད།
དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མའོ་ཙེ་ཏུང་དང༌། ཧུའུ་ཅིན་ཐའོ་གཉིས་ཀྱི་རྩྭ་གཟུགས་ཀླུད་གཏོང་བྱེད་ཀྱི་ཡོད། དེ་རིང་བོད་ཀྱི་ལོ་སར་ཚེས་ ༢༩ ལ་འཁེལ་ཡོད་པས། དེ་རིང་ཀླུ་གཡུག་པ་དེ་བོད་པར་མཚོན་ན་ལོ་གཅིག་གི་གད་སྙིགས་གཙང་ཕྱགས་བྱས་རྗེས་གཡུག་པའི་ལུགས་སྲོལ་ཡོད་པ་བཞིན་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་མཚོན་ན་ཆག་སྒོ་ཆེ་ཤོས་དེ་རྒྱ་དམར་གྱི་བཙན་འཛུལ་ཡིན་པའི་ཆ་ནས། གཞོན་ནུ་ལྷན་ཚོགས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་བོད་ལ་ཐོག་མར་བཙན་འཛུལ་བྱེད་མཁན་མའོ་ཙེ་ཏུང་དང། ད་ལྟ་མུ་མཐུད་དུ་བོད་བཙན་བཟུང་བྱེད་མཁན་རྒྱ་ནག་གི་སྲིད་བློན་ཧུའུ་ཅིན་ཐའོ་གཉིས་ཀླུའི་ཚབ་ཏུ་གཡུགས་གིན་ཡོད། ཅེས་ཀྱང་བརྗོད་བྱུང༌།