ཆོལ་གསུམ་ཆིག་བསྒྲིལ། བདེན་པའི་འབོད་སྒྲ།

28/07/2008 14:36

 

 

ཆོལ་གསུམ་ཆིག་བསྒྲིལ། བདེན་པའི་འབོད་སྒྲ།

གཅིགརྒྱ་དར་དང་བོད་དར།

ཕྱི་ལོ་༢༠༠༨ལོའི་ཟླ་ཚེས་༡༠ནས་དེ་རིང་བར་གྱི་དུས་ཡུན་འདིའི་ནང༌།བོད་ས་སྟོད་སྨད་ཀྱི་ས་གནས་ཆེ་ཆུང་ལྔ་བཅུ་ང་གསུམ་ནང་

རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌།ཕྱོགས་མཚུངས་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་

དར་ཡར་བསྒྲེངས་ཡོད་ཅིང༌།ད་དུང་ཡང་མུ་མཐུད་ནས་བསྒྲེང་བཞིན་ཡོད།འདི་ནི་ཕྱི་ལོ་༡༩༤༩ལོ་ནས་རྒྱ་ནག་དམར་གཞུང་གིས་

བོད་ཤར་ཕྱོགས་ནས་རིམ་པས་བསྒྲེངས་པའི་རྒྱལ་དར་དེ་ཚོ་སྡེབས་གཅིག་ལ་མར་ཕབ་པའི་ལས་འགུལ་ཐོག་མ་དེ་ཆགས་ཡོད།

ཞི་བའི་ཡོ་ལངས་འདི།དྲང་བདེན་ལ་ཕྱོགས་པའི་གསར་འགོད་བརྒྱུད་ལམ་ཡོད་ཚད་ཀྱི་དཔར་ཆས་འཛུགས་ས་ཆགས་སོང་ལ།

དྲང་བདེན་བརྗོད་པའི་སྨྱུ་གུ་མང་པོ་ཞིག་གི་བདེན་གཏམ་ལུད་ཡུལ་ཆགས་སོང༌།བདེན་པའི་འོས་ལངས་འདིས་འཛམ་གླིང་ཧྲིལ་

པོ་ཡོམ་ཡོམ་དུ་བསྒུལ་སོང༌། ད་རེས་ཀྱི་ལས་འགུལ་སྤེལ་ཡུལ་ས་གནས་ཁག་གི་མི་གྲངས་ལ་བལྟས་པ་ཡིན་ན།བརྒྱ་ཕྲག་ནས་སྟོང་ཕྲག་དང༌།

སྟོང་ཕྲག་ནས་ཁྲི་ཕྲག་བརྒལ་བའི་ལས་འགུལ་ཞིག་ཆགས་ཡོད་པ་དེ།རྒྱ་ནག་གཞུང་གིས་ས་གནས་དེ་དག་ནང་གཞི་རྩའི་བོད་རིགས་

མི་གྲངས་ཞིབ་བཤེར་གྱི་སྡོམ་ཐོ་དང་བསྡུར་བ་ཡིན་ན།ཆོལ་གསུམ་བོད་མིའི་མི་འབོར་གྱི་བརྒྱ་ཆ་དྲུག་ཅུ་རེ་བདུན་ཡས་མས་འདུས་

སྡོད་ས་ཁུལ་གྱི་འོས་ལངས་ཤིག་ཡིན་པར་ངོས་འཛིན་བྱས་ཆོག་པ་ཆགས་ཡོད།ཡིན་ནའང༌།རྒྱ་ནག་དབུས་གཞུང་དང་ས་གནས་ཀྱི་

གསར་འགྱུར་བརྒྱུད་ལམ་ཁག་གིས་ནི།ད་རེས་ཀྱི་ཞི་རྒོལ་འདི་ནི་ཁ་བྲལ་རིང་ལུགས་པ་ཉུང་ཤོས་དང་མི་ངན་ཉུང་ཤོས་ཀྱིས་སྤེལ་

བར་ཤོད་ཀྱི་ཡོད་པ་དང༌།ཉེས་ས་ནས་བཤད་ན།བོད་པའི་བླ་སྤྲུལ་ཁག་ཅིག་དང་ཤེས་ཡོན་པ་ཁག་ཅིག་བེད་སྤྱོད་ཀྱིས་བོད་མིས་

བོད་མིར་རྒོལ་གཏམ་ལས་འགུལ་ཚུན་སྤེལ་འཇུག་གིན་ཡོད།འདི་ནི་གནས་ལུགས་ཀྱི་སྲང་ལ་འདེགས་རིན་ཡོད་པ་ཞིག་མིན་ནའང༌།

ཉེན་ཁ་ཆེ་བའི་ཐབས་བྱུས་ཤིག་རེད། ལོ་རྒྱུས་ཀྱི་བསླབ་བྱའི་ངོས་ནས་བལྟས་ན།ཕྱི་ལོ་༡༩༤༩ལོའི་ཟླ་ཚེས་ཉིན་ནི་བོད་གཞུང་

དགའ་ལྡན་ཕོ་བྲང་གིས་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་རྒྱ་ནག་གོ་མིན་སྲིད་གཟུང་གི་བོད་སྡོད་དོན་གཅོད་མི་སྣ་མཐར་བསྐྲོད་བཏང་བ་དང༌།

ཕྱི་ལོ་༡༩༤༩ལོའི་ཟླ་ཚེས་༢༦ནས་ཕྱི་ལོ་༡༩༥༠ཟླ་པ་ནས་མགོ་བཙུགས་ཏེ།ཕིན་ཏེ་ཧྭེས་སྣེ་འཁྲིད་པའི་བྱེས་འཐབ་དམག་སྡེ་དང་པོས་མདོ་སྨད་

ཁུལ་དང༌།ལིའུ་པའོ་ཁྲིན་དང་ཏིན་ཞའོ་ཕིན་གཉིས་ཀྱིས་སྣེ་འཁྲིད་པའི་བྱེས་འཐབ་དམག་སྡེ་གཉིས་པས་མདོ་སྟོད་ཁུལ་དུ་བཙན་འཛུལ་

བྱས་པ་ནི་དུས་ཚོད་གཅིག་པར་འཁེལ་ཡོད་པའི་དུས་ཡུན་ཐུང་ངུ་འདིའི་ནང༌།རྒྱ་ནག་གཞུང་གིས་བོད་ལ་ཡ་ངའི་དྲག་སྤྱོད་སྤེལ་ནས་ཚེ་སྲོག་

མང་པོ་ཞིག་བསྒྱེལ་ཡོད་ནའང༌།ད་ལྟའི་འདི་བཞིན་འཛམ་གླིང་མི་མང་གིས་མཐོང་ཐུབ་མེད་ལ།མེ་མདའི་སྒྲ་སྐད་དེ་གོ་ཐུབ་མེད།དེ་ནི་མི་ལོ་

ང་དགུའི་སྔོན་གྱི་བྱུང་བ་ངོ་མ་ཞིག་རེད།ངས་འདི་ལྟར་ཕྱིར་དྲན་བྱེད་དོན་ནི།རྒྱ་ནག་གཞུང་གིས་དེ་དུས་ཀྱི་བྱ་ཐབས་རྙིང་པ་ཞིག་གིས་ད་ལྟའི་

གནས་སྟངས་ལ་རྒྱས་འགེབས་ཀྱི་ཐབས་ཤེས་བྱེད་ཀྱི་ཡོད་པ་སྟེ།དཔེར་ན།ཕྱི་ལོ་༡༩༥༠ལོའི་ཟླ་ཚེས་༢༨ཉིན་གྱི་༼རྒྱ་ནག་མི་དམངས་ཉིན་རེའི་

ཚགས་པར༽ནང༌།ལོ་དེའི་ཟླ་ཚེས་༢༦ཉིན་ལན་གྲུ་རུ་གནས་སྡོད་བོད་རིགས་ཁག་ཅིག་ནས་མི་དམངས་བཅིངས་འགྲོལ་དཔག་དཔུང་བོད་སར་

བསྐྱོད་པར་དགའ་བསུ་བྱས་སྐོར་དང༌།དེ་ཡང་བོད་རིགས་བུད་མེད་ཅིག་ནས་བཤད་པའི་སྐད་ཆ་སྟེ།སྔར་ནས་ད་བར་བོད་ནི་ཀྲུང་གོའི་ས་ཆ་

རེད་ཟེར་བ་མ་གཏོགས་གོ་མྱོང་མེད།ཅེས་པ་དང༌།བཅིངས་འགྲོལ་དམག་ལ་མགྱོགས་མྱུར་བོད་ལྗོངས་བཅིངས་འགྲོལ་གཏོང་རོགས་ཞུ་གི་ཡིན།

ཅེས་བཤད་ཚུལ་བཀོད་འདུག་པ་དེ་བཞིན།བོད་རྒྱ་ཁོངས་ཡིན་པ་དང༌།བཅིངས་འགྲོལ་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱས་པ་ནི་བོད་

རིགས་མི་མང་གི་འདོད་འདུན་ཡིན་པའི་སྒྲུབ་བྱེད་དུ་བགྲངས་ཡོད་པ་འདི་དཔེ་མཚོན་ཙམ་རེད།ད་ལྟའི་གནས་སྐབས་སམ།ཡང་ན།ཉེ་རབས་

ཀྱི་གནས་སྐབས་གང་དུའང༌།བོད་རིགས་གནད་ཡོད་ཁག་ཅིག་བེད་སྤྱོད་ཀྱིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ལོག་འགྲེལ་རྒྱག་བཅུག་སྟེ།

ཁོང་ཚོས་གང་བཤད་པ་དེ་ནི་བོད་རིགས་མི་མང་ཡོངས་རྫོགས་སམ་བརྒྱ་ཆ་མང་ཤོས་ཀྱི་འདོད་འདུན་ཡིན་སྐོར་ཤོད་ཀྱི་ཡོད་པ་རེད།

འདི་ལྟར་བལྟས་པས་ད་གཟོད་ཐབས་བྱུས་འདི་རིགས་ནི་ཉེན་ཁ་ཅན་དུ་མཐོང༌།

གཉིས།རང་བཙན་དང་རང་སྐྱོང༌།

ཉེ་བའི་ཉིན་ཤས་རིང་འཛམ་གླིང་མི་མང་གིས་བོད་ཀྱི་གནས་སྟངས་གླེང་ཞིང༌།རྒྱ་ནག་གི་དྲག་གནོན་དང་དམར་གསོད་ཀྱི་སྐོར་གླེང་གིན་

ཡོད་པ་རེད།ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཀྱང་བོད་མིའི་ཞི་རྒོལ་ལ་ལོག་འགྲེལ་གྱི་རྩོམ་ཡིག་དང༌།གཏམ་བཤད་ཉིན་མཚན་མེད་པར་

སྒྲོག་གིན་པ་རེད།མདང་དགོང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ནས་ད་རེས་ཀྱི་བོད་མིའི་ཞི་རྒོལ་སྐོར་ལ་རྒོལ་གཏམ་རྩོམ་ཡིག་ཅིག་བཀླགས་སོང༌།

དེ་ནི།ལྕགས་ར་བློ་བཟང་བསྟན་འཛིན་ཟེར་བ་ཞིག་གིས་བྲིས་ཤིང༌།ནང་དོན་ནི།ཁ་བྲལ་རིང་ལུགས་པ་ནི་ང་ཚོའི་དགྲ་བོ་ཡིན་པ་དང༌།

དེར་གདོང་ལེན་མཐའ་གཅིག་ཏུ་བྱས་ནས་མཐར་ཐུག་གི་རྒྱལ་ཁ་ལེན་དགོས་པ།ཁོ་པ་ཚོས་བོད་རང་བཙན་སླར་གསོའི་རེ་ངན་བཅངས་

ཀྱི་ཡོད་པ་རེད་སོགས་ཀྱི་མིང་ཚིག་ཁག་ཅིག་བསྟར་ནས་ཁ་བྲལ་རིང་ལུགས་པར་རྒོལ་གཏམ་སྤེལ་བའི་རྩོམ་ཡིག་ཅིག་རེད།
རྒོལ་གཏམ་རྩོམ་ཡིག་དེའི་ནང་དུ་བདེན་པ་མ་ཡིན་པའི་སྐད་ཆ་མང་པོ་ཞིག་བརྗོད་འདུག་པ་དེ་ཚོས་ཚོར་བ་གང་ཡང་བྱིན་མ་སོང་སྟེ།

གནད་འགག་ཅན་གྱི་མིང་ཚིག་ཅིག་གིས་ང་ལ་ཚོར་སྣང་དམིགས་བསལ་བ་ཞིག་བྱིན་སོང༌།དེ་ནི་རང་བཙན་སླར་གསོ་ཞེས་པའི་ཚིག་

འདི་རེད།ད་རེས་ཀྱི་ལས་འགུལ་ནང་བོད་ས་སྟོད་སྨད་ཀྱི་བོད་མི་ཚང་མས་མགྲིག་དབྱངས་གཅིག་གིས་གསང་མཐོར་བསྒྲགས་པའི་

འབོད་ཚིག་གཙོ་བོ་ནི།བོད་རང་བཙན་དང༌།གོང་ས་མཆོག་བོད་དུ་ཕེབས་དགོས་པ།པཎ་ཆེན་ཆུང་སྲིད་གློད་གྲོལ་གྱི་རེ་འདུན་གསུམ་རེད།

འདི་ནི་གཞིས་ལུས་མི་དམངས་ནས་རང་གི་རྒྱལ་ཁབ་དང་དབུ་ཁྲིད་ལ་བཅངས་པའི་རྒྱལ་ཞེན་དང་བརྩེ་སེམས་རེད།མ་བྲིས་སེམས་ཀྱི་རི་མོ་

འདི་སུ་གང་གིས་ཀྱང་བསུབ་ཐུབ་ཀྱི་མ་རེད།གང་ལྟར།རྒོལ་གཏམ་རྩོམ་ཡིག་ནང་རང་བཙན་སླར་གསོ་ཞེས་བཀོད་པ་འདིས།ད་ལྟའི་བར་

རྒྱ་ནག་དབུས་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་མགོ་ཁྲིད་ཁག་དང༌།དེ་བས་ཀྱང་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་གནས་པའི་

བོད་རིག་པའི་མཁས་པ་ཁག་ཅིག་བཅས་ནས་བོད་རང་བཙན་ཟེར་བ་ནི་ཁ་བྲལ་བས་ཆེད་བཟོས་ཀྱི་མིང་ཚིག་ཅིག་ལས།དེར་ལོ་རྒྱུས་ཀྱི་

ཁུངས་གཏུགས་ས་མེད་པར་ཤོད་ཀྱི་ཡོད་པའི་ལྟ་སྟངས་དེར་འགྱུར་བ་བཏང་སོང་བའི་ཚོར་བ་སྤྲད་སོང༌།གང་ཡིན་ཟེར་ན།སླར་གསོ་ཟེར་

བའི་ཐ་སྙད་ཀྱི་གོ་དོན་ནི།གཞི་རྩ་ཞིག་ཡོད་པའི་རྨང་གཞིའི་སྟེང་ནས་ད་གཟོད་བསྐྱར་དུ་གསོ་བའི་རིམ་པ་ཞིག་སྟོན་པ་དེར་བསམས་ན།

ལོ་རྒྱུས་ཀྱི་ངོས་ནས་བལྟས་པ་ཡིན་ན།བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་ཁས་ལེན་གཞིར་བཞག་གི་སྟེང་ནས།

སླར་གསོའི་རེ་འདུན་གང་ཡང་ལམ་ལྷོངས་མི་ཡོང་བ་བྱ་རྒྱུ་རྩ་དོན་ཡིན་པའི་ངོས་དེ་བསྟན་སོང༌།འདི་ལྟར་བསམ་ཞིང༌།

རང་བཙན་ཅེས་པའི་ཐ་སྙད་འདིས་སེམས་ཚོར་བསླངས་སོང༌།འདི་ནི་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་རྒྱ་གཞུང་གི་མགྲིན་ཚབ་ཏུ་སྤེལ་བའི་

རྩོམ་ཡིག་ནང་གནད་འགག་ཅན་གྱི་མིང་ཚིག་ཅིག་སྤྱད་པའི་ངོས་རེད།ངས་བསམས་ན།ཁོ་པས་འདི་ལྟར་སྤྱོད་དོན་ནི།བོད་རང་བཙན་གྱི་ཁ་གཡང་

དེ་ཡང་མི་ངན་ཉུང་ཤོས་ཀྱིས་བསྒྲགས་པ་ཞིག་ཏུ་འགྲེལ་བཤད་རྒྱག་ཆེད་རེད་དེ།བོད་མིའི་མི་གྲངས་སྤྱི་བབ་ཀྱི་བརྒྱ་ཆ་དྲུག་ཅུ་རེ་གྲངས་ཀྱིས་

བོད་རང་བཙན་གྱི་སྐད་འབོད་བྱས་པ་དེ་ཉི་ཤར་སྤར་མོས་མི་ཁོབ་པ་ཆགས་ཚར་སོང༌།དོན་ངོ་མར་བཤད་ན།བོད་རང་བཙན་ནི་རྒྱ་ནག་

གཞུང་གི་རྣ་བར་ཧ་ཅང་མི་སྙན་པའི་མིང་ཚིག་མཐར་ཐུག་པ་དེ་རེད། ཡང་གནད་དོན་གཞན་ཞིག་ནི།ལོ་ངོ་བཅུ་ཕྲག་གཉིས་ཀྱི་དུས་ཡུན་ནང༌།

རྒྱ་ནག་གཞུང་གིས་བོད་རིགས་ས་ཁུལ་གང་སར་མི་དམངས་ཀྱི་ཁེ་ཕན་ལ་དམིགས་པའི་འགྲེལ་བཤད་དང་བཅས་ཏེ་འཛུགས་

སྐྲུན་ལས་འཆར་མང་པོ་ཞིག་ལག་བསྟར་བྱས་ཡོད་ནའང༌།དེས་ས་གནས་བོད་མིའི་འཚོ་གནས་ལ་གཞོགས་འདེགས་དང་

འགན་ལེན་གྱི་གྲུབ་འབྲས་སོན་རྒྱུའི་ཚབ་ཏུ།ཞེ་འཁོན་སློང་གཞི་ཆགས་ཡོད།འདི་ནི་ད་རེས་ཀྱི་ལས་འགུལ་ནང་ས་གནས་

ཁག་གི་ཏང་སྲིད་ལས་ཁུངས་གཏོར་བཅོམ་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་རེད།མེ་མདའི་སོ་ཁུང་ལ་ཚེ་སྲོག་གི་མགོ་བོ་བརྒྱུས་པའི་གཞིས་ལུས་

བོད་མིའི་རང་བཙན་འབོད་ཚིག་འདིས།བཙན་བྱོལ་བོད་གཞུང་དམངས་ལ་གསལ་བཤད་ཐེངས་གཅིག་བྱས་པ་ནི།བོད་རང་བཙན་གྱི་

ཐ་སྙད་འདི་སྣང་མེད་དུ་བསྐྱུར་ཆོག་ཆོག་ཅིག་མ་ཡིན་པར།འདི་ནི་ལོ་རྒྱུས་ཀྱིས་དག་པ་བྱིན་པའི་རིན་ཐང་ཅན་གྱི་ཐ་སྙད་ཅིག་དང༌།

བོད་མིའི་ཐོབ་ཐང་གི་ངོས་ཤིག་བཅས་ཡིན་པའི་གསལ་འདེབས་དང་དྲན་སྐུལ་ལྟ་བུའང་རེད།
གཞིས་ལུས་མི་མང་གིས་རང་ས་ཀོར་མོ་རང་ལ་དབང་བའི་རྒྱལ་ཁའི་དབུ་ཁྱུད་བྲིས་སོང་ལ།རང་གི་རི་ཀླུང་ཐམས་ཅད་རྒྱལ་ཁའི་དར་ཆེན་

གྱིས་གཡོགས་སོང༌།ཚེ་སྲོག་གི་འགྲོ་གྲོན་བཏང་ནས་དགྲ་བོའི་གདོང་འབག་རལ་སོང་ལ།ངུ་འབོད་ཀྱི་དབྱངས་རྟའི་ཀློང་ནས་བདེན་ཚིག་གི་

ཁ་གཡང་བསྒྲགས་སོང༌།གཞིས་ལུས་བོད་མི་ཚོ་དོན་གྱི་བདག་པོ་ཡིན་པའི་ངོས་ནས་བཤད་ན།ད་ནི་ང་ཚོ་དོན་གྱི་བདག་པོ་རྣམས་ཀྱི་རྗེས་སུ་

ཤར་བསྐྱོད་བྱེད་དགོས་པ་ལས།དོན་གྱི་བདག་པོ་རྣམས་ཀྱི་འབོད་ཚིག་དེ་གཞན་ཞིག་ཏུ་བསྒྱུར་བའི་ཐབས་ཚུལ་སྤྱོད་མི་རུང་བ་མཁྱེན་དགོས་

རྒྱུ་དུས་ཚོད་དང་གནས་སྟངས་གཉིས་ཀས་གསལ་བཤད་བྱས་ནས་འདུག ཕྱི་ལོ་༡༩༤༩ཟླ་ཚེས་༡༢པ་ནས་རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་ལས་འཆར་སྤེལ་བ་ནས་

རྩིས་འདི་ལོ་ནི།བོད་ས་རྒྱ་ལག་ཏུ་ཤོར་མགོ་ཚུགས་ཏེ་མི་ལོ་༥༩པ་དང༌།བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ནས་མི་ལོ་༤༩པ་སྟེ།

དུས་སྐབས་འདི་འདྲ་ཞིག་གི་མནར་གཅོད་འོག་ནས་མགོ་བོ་ཡར་བཀྱགས་པ་འདི།མུ་མཐུད་མེ་བཞིན་འབར་ཐུབ་དགོས་ན།

ད་ནི་ཐབས་ལམ་བཤད་ཅིང་བརྩད་ནས་འདུག་ཚོད་མ་ཡིན་པར།ལག་ལེན་ངོ་མའི་ནང་གོམ་ཁ་བསྒྱུར་དགོས་པ་གནད་འགག་རེད།

གསུམ།ཛ་དྲག་དང་ལས་འགུལ།

ད་རེས་ཀྱི་ལས་འགུལ་ནང་འཚེ་མེད་ཞི་བའི་ར་བ་ལས་བརྒལ་བའི་གནས་ཚུལ་ཡང་མང་པོ་བྱུང་ཡོད་པ་དེ།བརྒྱ་ཆའི་ངོས་ནས་བཤད་ན་

ཤིན་ཏུ་ནས་ཉུང་ངུ་ཞིག་རེད་དེ།ཉུང་ངུ་དེས་ཞི་བའི་ལས་འགུལ་གྱི་ངོ་བོ་འདི་གཞན་ཞིག་ཏུ་བསྒྱུར་མི་སྲིད་པ་མ་རེད་ལ།རྒྱ་ནག་གཞུང་

གིས་གསུམ་པའི་ཚེས་བཅུ་དང་བཅུ་གཅིགབཅུ་གཉིས་དང་བཅུ་གསུམ་བཅས་ཀྱི་ཞི་རྒོལ་ནི་དུས་ཀྱི་མཚམས་ཚིགས་སུ་མ་བཟུང་བར།

གསུམ་པའི་ཚེས་བཅུ་བཞི་ཉིན་ནི་དོན་རྐྱེན་ཞིག་གི་ཚབ་མཚོན་ཉིན་མོར་འདེམས་པ་ཡིན་ལ་གནད་འགག་མེད་པ་མ་རེད།ཉིན་གསུམ་གྱི་

རིང་དེར་ཞི་རྒོལ་ལ་དྲག་གནོན་ཡ་ང་བ་བྱས་ཏེ།མང་ཚོགས་ཀྱི་སེམས་ཀྱི་རྨ་ཁ་ཇེ་ཆེར་བཏང་ཞིང༌།སེམས་ཀྱི་ཁོང་ཁྲོ་དང་ཚོར་བ་ཇེ་ཆེར་

བཏང་སྟེ།གཏོར་བཅོམ་གྱི་ལམ་དུ་དེད་པའི་ཉིན་ནི་ཚེས་བཅུ་བཞི་ཉིན་རེད།དེ་ཉིན་ནས་གནས་ཚུལ་ངོ་མའི་ཡོང་ཁུངས་དང༌།འཕེལ་རིམ་

ངོ་མ་འགེབས་པའི་དཔར་རིས་དང་གནས་ཚུལ་མང་པོ་ཞིག་རྒྱལ་སྤྱིའི་གསར་ལམ་དུ་མངགས་པ་རེད།ཡིན་ནའང༌།ཐབས་བྱུས་དེར་ལམ་

ལྷོངས་ཡོང་རྒྱུ་ལས་ལྡོག་སྟེ།ཞི་བའི་ལས་འགུལ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཆོལ་གསུམ་བོད་ཁུལ་ཡོངས་ལ་མཆེད་དེ་ད་དུང་ཡང་

འབར་བཞིན་ཡོད་པ་རེད་དེ།རྒྱ་ནག་དབུས་དང་ས་གནས་གཞུང་གི་གསར་ལམ་ཁག་གིས་ནི།མི་མངོན་པའི་དམ་དྲག་འོག་གི་ལྷ་ས་ནི་

ད་ལྟ་ཡོངས་སུ་ལྷིང་འཇགས་ཡིན་ཟེར་བ་ཙམ་ལས་བོད་ཁུལ་གཞན་གྱི་གནས་ཚུལ་རིགས་བསྒྲགས་ཐུབ་ཀྱི་མེད།
ྋགོང་ས་མཆོག་གིས་ད་རེས་ཀྱི་ལས་འགུལ་འདི་དྲག་པོའི་ལམ་དུ་ཕྱིན་པ་ཡིན་ན།བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་

གསལ་བསྒྲགས་ཐེངས་གཉིས་བསྐྱངས་ཡོད།གསལ་བསྒྲགས་འདིར་རྒྱ་ནག་གཞུང་གིས་ངེས་པར་དུའང་དོ་སྣང་དགོས་པ་སྟེ།བོད་མིའི་ཞི་བའི་

ངོ་རྒོལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་བབ་དང༌།བོད་ཁམས་ཡོངས་རྫོགས་དམ་དྲག་གི་ཀློང་དུ་འཇུག་པ་འཕྲལ་དུ་མཚམས་འཇོག་བྱས་ཏེ།

ཡང་སྙིང་བོད་མིའི་ཞི་བའི་ངོ་རྒོལ་འདི་བཞིན་ཞི་བ་རང་གི་ལམ་ནས་མཇུག་བསྒྲིལ་བའི་ཐོབ་ཐང་སྤྲོད་དགོས་པ་ལས།གཡས་གཅུན་གཡོན་

གཅུན་གྱིས་དྲག་པོའི་ལམ་དུ་མི་འདེད་པའི་འགན་ཁུར་གཙོ་བོ་དེ་རྒྱ་ནག་གཞུང་ལ་ཡོད་པ་ཞིག་རེད།ཛ་དྲག་གི་གནས་སྐབས་འདི་འདྲ་ཞིག་ལ།

ད་གཟོད་གཞུང་མང་གཉིས་ཆིག་བསྒྲིལ་གྱི་ཛ་དྲག་ལས་འགུལ་ཚོགས་ཆུང་དབུ་བརྙེས་པ་ནི་ད་ལྟའི་བོད་ནང་གི་ཛ་དྲག་ལས་འགུལ་འདི་

ངོ་བོ་གཞན་ཞིག་ཏུ་འཕོ་འགྱུར་མི་འགྲོ་བ་དང༌།བཙན་བྱོལ་གཞུང་དམངས་ནས་གཞིས་ལུས་རྒྱ་ཆེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང༌།

བདེན་པ་བདེན་སར་འཁྱོལ་བའི་གཞི་རྩ་ཇེ་བརྟན་དུ་གཏོང་བའི་འགྲོ་ལམ་གཅིག་པུ་དེ་རེད།དོན་འདིས།ད་ནི་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་

བཙན་བྱོལ་བོད་མིའི་ཚོགས་པ་སྐྱིད་སྡུག་ཁག་གི་མགོ་འདོམས་ཁོ་ན་མ་ཡིན་པར།རླུང་འཕྲིན་གྱིས་མཚོན་པའི་གསར་འགྱུར་བརྒྱུད་ལམ་

ཁག་བེད་སྤྱོད་ཀྱིས་གཞིས་ལུས་མི་མང་ལ་འབྲེལ་བ་བྱས་ཏེ་འཚེ་མེད་ཞི་བའི་གོ་རྟོགས་སྤེལ་བ་གཙོ་གནད་དུ་འཛིན་པ་དང༌།

ཕྱོགས་མཚུངས་ད་རེས་ཀྱི་བོད་མིའི་ཞི་བའི་ལས་འགུལ་གྱི་གནས་སྟངས་ངོ་མ་འི་འདྲ་དཔར་དང་བརྙན་ཕབ་ཅི་ཡོད་བརྩད་གཅོད་བསྡུ་

བཞེས་ཀྱིས་རྒྱ་ནག་གི་དྲག་གནོན་བྱ་སྤྱོད་ཀྱི་གདོང་རིས་ངོ་མ་རྒྱལ་སྤྱིའི་མི་མང་ལ་སྤྱན་བསྟར་ཐུབ་པ་བྱས་ཏེ།གཞིས་ལུས་མི་མང་གི་

བདེན་པའི་འབོད་སྒྲ་འདི་བཞིན་བདེན་སར་འཁྱོལ་བ་ཞིག་གནང་དགོས་པ་དེ་ལས་འགན་མཐའ་དག་གི་དང་པོར་འཇོག་དགོས་པ་རེད་ལ།

ཛ་དྲག་ལས་འགུལ་ཚོགས་ཆུང་ལ་འདི་ལས་ལྷག་པའི་ཛ་དྲག་གི་ལས་ཀ་ཞིག་མེད་པ་ལྟ་བུ་རེད།
མདོ་དོན་ཧྲིལ་གྱིས་དྲིལ་ན།ལོ་ངོ་ཞེ་དགུའི་རྗེས་ཀྱི་དེ་རིང་བར།རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁོ་ན་ནས་དེང་རབས་ཅན་གྱི་

བོད་ལྗོངས་ཤིག་བཟོ་བཞེངས་བྱས་ཤིང༌།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཡིད་ཆེས་ལ་མི་ཆེས་པའི་ངང་ནས་གསར་འགྱུར་བརྒྱུད་ལམ་གྱི་

དེང་རབས་བོད་ལྗོངས་ཤིག་གི་རྒྱབ་མདུན་བསྔོགས་པ་རེད།དེ་རིང་གཞི་ནས།རྒྱ་ནག་གཞུང་གིས་བཟོ་བཞེངས་བྱས་པའི་དེང་རབས་

བོད་ལྗོངས་དེ་ཡོངས་སུ་ཡལ་སོང༌།ཤུལ་མེད་དུ་ཡལ་སོང༌།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདི་ལྟར་བོད་ཀྱི་ཕྱི་ནང་ངོ་མ་མཐོང་བའི་སྐབས་སུ།

བྲེལ་ཟིང་གི་ངང་ནས་རྒོལ་གཏམ་སྤེལ་མགོ་ཚུགས་སོང་ལ།བདེན་པའི་རྒྱབ་ལངས་ཀྱིས་བོད་ཀྱི་བདེན་དོན་གླེང་མགོ་ཚུགས་སོང༌།
ད་ནི་རྒྱ་ནག་གཞུང་གིས་བཤད་པ་ལྟར།གནད་དོན་འདི་བཞིན་ཁ་བྲལ་རིང་ལུགས་པ་ཉུང་ཤོས་དང་མི་ངན་རེ་ཟུང་གི་མགོར་

གཡུག་དགོས་བསམ་པ་ཡིན་ནའང༌།གཡུག་ས་དང་གཡོག་ས་མི་རྙེད་པར་གྱུར་ཡོད།ཆབ་སྲིད་ཉམས་ཞིབ་པ་དང་སྤྱི་ཚོགས་ཉམས་ཞིབ་པ་ཚོ་ལྟར་ན།

ད་རེས་ཀྱི་བོད་མིའི་ཞི་བའི་ལས་འགུལ་འདིར་བོད་རིགས་མི་རེ་ངོ་རེ་ནས་རང་ཉིད་ཀྱི་འགན་འཁྲི་ཁུར་དུ་འཁྱེར་བའི་རྣམ་པ་ཞིག་ཕྱི་

གསལ་ནང་གསལ་གྱིས་མངོན་ནས་འདུག་སྟབས།རྒྱ་ནག་གཞུང་གིས་དམར་གསོད།འཛིན་བཟུང༌།བཙོན་འཇུགདམ་དྲག་སོགས་མཐར་

ཐུག་པའི་དྲག་སྤྱོད་གང་སྤྱད་ཀྱང་རྩ་མེད་བཟོ་བའི་རེ་བ་མེད་པའི་ངོས་ཤིག་གླེང་གིན་ཡོད་པ་རེད་ལ།བོད་རིགས་མི་དམངས་ཀྱི་ངོས་ནས་

ཀྱང་ཇི་སྲིད་བདེན་མཐའ་མ་གསལ་བ་དེ་སྲིད་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་ཇེ་བརྟན་དུ་སོང་ཡོད་པ་རེད།

འདི་ནི་འཐབ་ན་མི་རྒྱལ་བ་མེད་པ་ཞི་བའི་ངོ་རྒོལ་གྱི་རྔམ་ཟིལ་རེད་ལ།བོད་མིའི་རིག་གཞུང་གིས་བསྐྱེད་པའི་སེམས་ཁམས་ན་ཡལ་མེད་དུ་

འཚེར་བའི་མེ་དཔུང་རེད།བདེན་པའི་ནམ་མཁའ་ལངས་པའི་སྐྱ་རེངས་ཤིག་འདི་ལྟར་མགོ་ཚུགས་ནས་ཡོད་སྟབས།

སྣེ་འཁྲིད་ལམ་སྟོན་མ་ནོར་བ་རྩ་འགངས་ཆེ་བར་མཐོང༌།  བོད་རྒྱལ་ལོ།  བོད་རྒྱལ་ལོ།  བོད་རྒྱལ་ལོ།  བོད་རྒྱལ་ལོ།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།