ཐའེ་ལྦན་ཆིབས་བསྒྱུར་སྐོར།
27/08/2009 01:10༸གོང་ས་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་སྐོར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་རྗེས་མའི་ནང་ཐའེ་ལྦན་
དུ་ཆིབས་བསྒྱུར་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད་ཅེས་དེ་རིང་རེས་གཟའ་ལྷག་པའི་ཉིན་ས་གནས་གསར་འགྱུར་
བརྒྱུད་ལམ་ནང་གནས་ཚུལ་ཐོན་ཡོད་ཀྱང་ཐའེ་ལྦན་དུ་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་
ཁུངས་ནས་ད་ལྟའི་འཆར་༸གོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུའི་ཐུགས་གཏན་འཁེལ་མེད་
སྐོར་གསུངས་ཀྱི་འདུག
རྒྱ་ནག་གཞུང་ཕྱོགས་ནས་ཇི་ལྟར་སྐྱོན་བརྗོད་དང་ཁོང་ཁྲོ་བྱེད་མིན་ལ་མ་ལྟོས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བའི་ཉིན་ཐའེ་ལྦན་དུ་ཞབས་
གསོར་འཁོད་གནང་ནས་ཉེ་ཆར་ཐའེ་ལྦན་ལྷོ་ཕྱོགས་ཁུལ་དུ་རླུང་འཚུབ་དྲག་པོའི་འོག་གོད་ཆགས་ཕོག་པའི་ཐའེ་
ལྦན་མི་མང་ཚོར་སེམས་གསོའི་ཆེད་དུ་ཆིབས་བསྒྱུར་གནང་གི་ཡོད་ལུགས་ལས་སྐབས་དེར་༸གོང་ས་༸སྐྱབས་མགོན་
ཆེན་པོ་མཆོག་དང་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་རྣམ་གཉིས་དབར་མཇལ་འཕྲད་གནང་མིན་སྐོར་ད་
ལྟ་གནས་ཚུལ་ཁ་གསལ་འཁོད་མེད་པ་རེད།
ཡིན་ནའང་ཀའོ་སུང་གྲོང་ཁྱེར་གྱི་སྤྱི་ཁྱབ་སུའུ་ལིའི་མིང་གིས་གསར་འགོད་པ་ཚོར་གསུངས་ན་༸གོང་ས་༸སྐྱབས་
མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་རྒྱུར་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇིའུ་ཡིས་ཆོག་
མཆན་དགོས་ཀྱི་རེད་ཅེས་གསུངས་པ་དང་དེ་ག་ནང་བཞིན་ཐའེ་ལྦན་གྱི་ཕྱི་སྲིད་ལས་ཁུངས་ནས་ཀྱང་༸གོང་ས་
མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་གཏན་འཁེལ་མིན་ཐད་གསལ་བཤད་གང་ཡང་གནང་གི་མེད་པ་རེད།
ན་ནིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་པའི་བཅའ་
འདྲི་ཞུ་བའི་སྐབས་སུ་ཐའེ་ལྦན་དུ་ཆིབས་བསྒྱུར་གནང་འདོད་ཡོད་སྐོར་བཀའ་གནང་ཡོད་ཀྱང་སྐབས་དེ་དུས་ཐའེ་
ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་གནང་
རྒྱུའི་དུས་ཚོད་རན་པོ་ཞིག་མིན་ལུགས་གསུངས་ཡོད་པ་རེད།
ཐའེ་ལྦན་མང་གཙོ་ཡར་ཐོན་ཚོགས་པས་སྲིད་འཛིན་མའ་དབྱིངས་ཇིའུ་རྒྱ་ནག་ལ་མགོ་སྒུར་བ་རེད་ཟེར་སྐབས་དེ་
དུས་སྐྱོན་བརྗོད་དྲག་པོ་གནང་བའི་ཐོག་གོ་མིང་ཏང་ཚོགས་པའི་ཚོགས་མི་ཁག་ཅིག་ནས་ཀྱང་གནད་དོན་དེའི་
ཐད་ལ་སྲིད་འཛིན་མའ་དབྱིངས་ཇིའུ་ཡིས་བསྐྱར་དུ་དགོངས་བཞེས་གནང་དགོས་པའི་འབོད་སྐུལ་ཡང་གནང་
ཡོད་པ་རེད།
རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་སྐྱོན་བརྗོད་ཇི་ལྟར་གནང་མིན་ལ་མ་ལྟོས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་༡༩༩༧ལོར་ཐའེ་ལྦན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་
ཆིབས་བསྒྱུར་ཞིག་བསྐྱང་གནང་ཡོད་པ་དང་དེ་རྗེས་ཡང་སྤྱི་ལོ་ཉིས་སྟོང་གཅིག་ལོར་བསྐྱར་དུ་ཐའེ་ལྦན་དུ་ཆིབས་
བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
———
Back