ཐའེ་ལྦན་དུ་ཐུགས་སྨོན་
02/09/2009 01:21
༸གོང་ས་མཆོག་ནས་ཐའེ་ལྦན་དུ་ཐུགས་སྨོན་གསོལ་འདེབས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟའ་མིག་དམར་ཉིན་ཐའེ་
ལྦན་གྱི་གྲོང་ཁྱེར་ཀའོ་ཞུང་དུ་མི་གྲངས་ཁྲི་གཅིག་ལྷག་ཙམ་འདུ་འཛོམས་ཀྱི་ཐོག་ད་རེས་ཐའེ་ལྦན་ལྷོ་ཕྱོགས་ཁུལ་
དུ་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་མི་རྣམས་ལ་ཐུགས་སྨོན་གསོལ་འདེབས་ཀྱི་ཆོས་
ཕྱོགས་ཀྱི་མཛད་སྒོ་རྒྱ་ཆེ་ཞིག་གནང་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གང་ཉིད་ཀྱི་དམིགས་
ཡུལ་ནི་ཆུ་ལོག་གི་གནོད་འཚེའི་ནང་རྐྱེན་འདས་སུ་ཕྱིན་པ་ཚོར་ཐུགས་སྨོན་སྐྱབས་འཇུག་གནང་རྒྱུ་དེ་ཡིན་པ་བཀའ་
གནང་མཛད་ཡོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་བའི་སྐབས་ད་རེས་ཐའེ་ལྦན་དུ་ཆིབས་
བསྒྱུར་བསྐྱངས་རྒྱུ་དེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁོ་ན་ལས་སྲིད་དོན་དང་འབྲེལ་བ་གང་ཡང་མེད་པའི་སྐོར་བཀའ་
གསལ་པོ་གནང་ཡོད་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཐའེ་ལྦན་ནང་
ཕེབས་པ་ཡིན་ན་ཡང་དེར་ངོ་རྒོལ་ཡོད་པའི་རྣམ་འགྱུར་བཏོན་ཡོད་པའི་ཁར་ད་རེས་ཐའེ་ལྦན་གྱི་གཞུང་འཛིན་གོ་
མིན་ཏང་ཚོགས་པའི་མགྲིན་ཚབ་པ་གྲན་ཧྲུའུ་རུང་གིས་གསུངས་བར་གཞིགས་ན་རྒྱ་ནག་གཞུང་གིས་རྒྱ་ནག་དང་
ཐའེ་ལྦན་དབར་དུས་བཀག་གི་མཁའ་ཐོག་འགྲུལ་བསྐྱེལ་གནམ་གྲུ་ཐད་ཀར་གཏོང་རྒྱུའི་རྟེན་འབྲེལ་མཛད་སྒོ་ཛ་
དྲག་གི་ཕྱིར་འཐེན་བྱས་ཡོད་ལུགས་དང་དེ་བཞིན་རྒྱ་ནག་གི་ལེའོ་ཉིང་ནང་ཚུགས་རྒྱུའི་ཐའེ་ལྦན་གྱི་གཟའ་འཁོར་
ཞེས་པའི་དུས་སྟོན་ཐོག་འཆར་གཞི་བྱས་ན་རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་གཞུང་ལས་ཁང་གི་འགན་
འཛིན་ལྦང་དབྱིས་མཉམ་བཞུགས་བྱ་རྒྱུ་ཡང་ཕྱིར་འཐེན་བྱས་ཡོད་པ་དང་དེ་མིན་རྒྱ་ནག་ནན་ཅིང་གྲོང་ཁྱེར་གུང་
ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀྲུའུ་ཧུན་གླུག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཐའེ་ལྦན་ནང་ཕེབས་རྒྱུའི་
འཆར་གཞི་ཡང་ནར་འགྱངས་བྱས་པའི་སྐོར་ཕྱིར་བསྒྲགས་བྱས་ཡོད་ལུགས་གསུངས་འདུག
གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ལྦུའུ་ཏོན་དབྱིད་དང་ཐའེ་ལྦན་གྲོས་ཚོགས་ཀྱི་ཚོགས་གཙོ་ལྦང་ཅིང་བིང་སོགས་
གོ་མིན་ཏང་ཚོགས་པའི་དཔོན་རིགས་ཚོས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་
བསྐྱངས་ཡས་དེ་ཆོས་ཕྱོགས་ཀྱི་མཛད་ཕྲིན་ཁོ་ནའི་ཆེད་དུ་ཡིན་པར་བརྟེན་དེས་རྐྱེན་པས་རྒྱ་ནག་དང་ཐའེ་ལྦན་དབར་
གྱི་འབྲེལ་ལམ་ལ་དུས་ཡུན་རིང་པོ་གནོད་སྐྱོན་ཕོག་མི་སྲིད་པའི་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད།
———
Back