དཔལ་འབྱོར་གྱི་ཉེས་ཆད།

15/08/2009 09:21

ཡོ་རོབ་ཀྱིས་འབར་མའི་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད། 

RFA -- ད་རེས་རེས་གཟའ་མིག་དམར་ཉིན་འབར་མའི་དྲག་པོའི་གཞུང་གིས་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སང་

སུ་ཀི་ལ་ཁྲིམས་བཤེར་བྱས་ཏེ་ཟླ་བ་བཅོ་བརྒྱད་སླར་ཡང་དོ་དམ་བྱ་རྒྱུའི་ཐག་གཅོད་བྱས་པའི་རྗེས་གཟའ་ཕུར་བུའི་ཉིན་

ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་འབར་མའི་དྲག་པོའི་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱིས་དཔལ་འབྱོར་སོགས་ཀྱི་ཉེས་

ཆད་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།    

ཡོ་རོབ་རྒྱལ་ཁབ་ཉི་ཤུ་རྩ་བདུན་ལས་གྲུབ་པའི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་འབར་མའི་དྲག་པོའི་གཞུང་གི་

ཁྲིམས་ལུགས་མི་སྣ་ཚོ་ཡོ་རོབ་ནང་བསྐྱོད་རྒྱུའི་ཐོངས་མཆན་ལག་འཁྱེར་སྤྲོད་མཚམས་འཇོག་བྱ་རྒྱུ་དང་ཁོང་ཚོའི་ཡོ་

རོབ་དངུལ་ཁང་དུ་བཅོལ་བའི་རྒྱུ་ནོར་རྣམས་བཏོན་མི་ཆོག་པའི་བཀག་འགོག་བྱ་རྒྱུ་མ་ཟད་འབར་མའི་གཞུང་དང་

དཔོན་རིགས་དེ་བཞིན་ཁོང་ཚོའི་ཚོགས་པ་ཁག་གིས་གཉེར་བཞིན་པའི་ཚོང་ལས་དང་དཔལ་འབྱོར་གང་ཡིན་ཡོ་རོབ་

མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཐོག་ནས་འབར་མའི་དྲག་པོའི་གཞུང་ལ་ཁེ་ཕན་སྐྲུན་བཞིན་པའི་ལས་དོན་རྣམས་བཀག་

འགོག་བྱ་རྒྱུ་གཞི་རྒྱ་ཆེ་རུ་བཏང་ཡོད་ཅིང་ད་རེས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་འབར་མའི་དྲག་པོའི་གཞུང་

ཐོག་ཉེས་ཆད་ཀྱི་བྱ་ཐབས་གཞི་རྒྱ་ཆེ་རུ་བཏང་བ་དེ་ནི་ཉེ་ཆར་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་

ཀི་མུ་མཐུད་དོ་དམ་བྱ་རྒྱུའི་ཐག་གཅོད་བྱས་པའི་བྱ་སྤྱོད་དེར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་གནང་བ་ཞིག་དང་དམིགས་

བསལ་ད་རེས་འབར་མའི་ཁྲིམས་ལུགས་མི་སྣའི་ཐོག་ཉེས་ཆད་ཀྱི་བྱ་ཐབས་ལག་བསྟར་གནང་རྒྱུའི་ཐག་གཅོད་གནང་བ་

དེའང་ལྕམ་ཨང་སང་སུ་ཀི་ལ་ཉེས་ཆད་ཐག་གཅོད་བྱས་པ་དེ་ནི་ཁྲིམས་ལུགས་མི་སྣ་དེ་དག་གི་འགན་ཁྲི་ཡོད་པའི་རྒྱུ་

མཚན་འགྲེལ་བརྗོད་གནང་ཡོད་པ་རེད།

ད་དུང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་ལྕམ་ཨང་སང་སུ་ཀི་ལ་འབར་མའི་དྲག་པོའི་གཞུང་གིས་ཉེས་ཆད་ཐག་

གཅོད་བྱས་པ་དེ་ནི་ཁོང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་བ་ཡིན་པ་དང་ལྷག་པར་

དུ་ཕྱི་ལོ་གསར་པའི་ནང་དུ་སྤེལ་རྒྱུའི་འོས་བསྡུའི་སྐབས་ཁོང་དོ་དམ་འོག་བཀག་ཉར་བྱ་རྒྱུའི་འཆར་གཞི་ཞིག་ཡིན་པ་མ་

ཟད་ཁོང་གི་ཐོག་ལ་ཁྲིམས་བཤེར་བྱས་པ་དེ་དྲང་བདེན་བྱུང་མེད་པ་དང་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་

བགྲོལ་གཏོང་དགོས་པའི་སྐོར་གསུང་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།