དབུ་མའི་ལམ Rangzen"

18/11/2008 01:22

 

དབུ་མའི་ལམ་དེ་བྱང་ཆུབ་སྤྱོད་འཇུག་རེད།

འདོན་སྤེལ། ༢༠༠༨/༡༡/༡༨

ཁ་སང་སྔ་དྲོ་ངྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་བོད་དོན་དམིགས་བསལ་ཚོགས་ཆེན་དབུ་འབྱེད་མཛད་སྒོ་གྲོལ་མ་ཐག ཚོགས་ཞུགས་མི་སྣ་ཁག་ཅིག་ལ་ཐེངས་འདིའི་ཚོགས་ཆེན་ལ་བསམ་ཚུལ་གང་ཡོད་དང་བཀའ་སྤྱི་གཉིས་ཀྱི་གཏམ་བཤད་ཐད་དགོངས་ཚུལ་ཅི་བྱུང༌། དེ་བཞིན་ཚོགས་ཆེན་སྟེང་ནས་རྩ་དོན་ཐད་གྲ་སྒྲིག་དང་ཐག་གཅོད་གང་འདྲ་ཞིག་འོང་བར་ཚོད་དཔག་བྱེད་ཀྱིན་ཡོད་མེད་སོགས་བཅར་འདྲི་ཞུས་པ་གཤམ་གསལ། 

བོད་དོན་དམིགས་བསལ་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ལ་ཐེངས་འདིའི་ཚོགས་ཆེན་ཐད། སྤྱི་ཡོངས་ཀྱི་དགོངས་ཚུལ་དང་ཕྱོགས་མཐའ་ཁག་གི་ཚོགས་མི་མཉམ་ཞུགས་བྱེད་ཕྱོགས། དེ་བཞིན་མི་མང་གི་བསམ་ཚུལ་བསྡུ་ཕྱོགས་བཅས་ལ་དགོངས་ཚུལ་གང་ཡོད་བཅར་འདྲི་བྱས་པར་ཁོང་གིས། ཐེངས་འདིའི་ཚོགས་ཆེན་དེ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུ་བའི་འོག ༧གོང་ས་མཆོག་གི་དགོངས་གཞི་ལྟར་ཐག་གཅོད་བྱས་པ་ཡིན་སྟབས་ཞེ་དྲག་གལ་ཆེན་པོ་རེད། མི་མང་པོ་ཞིག་གིས་ཚོགས་ཆེན་འདིའི་གོ་རིམ་གང་འདྲ་ཞིག་ཡོང་ན། ཞེས་ཐུགས་འཚབ་ཆེན་པོ་གནང་གིན་འདུག ང་རང་ཚོགས་འདུ་འདིའི་འགན་འཛིན་གཙོ་བོ་ཡིན་པའི་ཆ་ནས་མི་དམངས་ལ་གསལ་བོར་ཞུ་རྒྱུ་ཞིག་ལ། དེའི་ཐད་སེམས་ཁྲལ་གང་ཡང་མི་འདུག ཚོགས་འདུ་དེ་དོན་དང་ལྡན་པ་ཞིག་ཡོང་གི་རེད། གང་ཡིན་ཟེར་ན། གཅིག་ནས་སྐུ་མདུན་རང་གིས་ཚོགས་འདུ་འདི་སྤྱི་<wbr>འཐུས་<wbr>ཚོགས་<wbr>གཙོ་<wbr>ཀརྨ་<wbr>ཆོས་<wbr>འཕེལ་<wbr>ལགས་<wbr>ལ་<wbr>བཅར་<wbr>འདྲི། འཚོགས་དགོས་ཞེས་བཀའ་གནང་ཡོད་སྟབས་མི་མང་གིས་གལ་ཆེན་དུ་བརྩི་གི་རེད། གཉིས་ནས་ད་ལྟ་བོད་ནང་ཛ་དྲག་ཆགས་ཏེ་ང་ཚོ་ཚང་མ་སེམས་འཚབ་ངང་ཡོད་ལ། རྒྱ་བོད་འབྲེལ་མོལ་ཐེངས་བརྒྱད་པ་དེ་ལའང་གྲུབ་འབྲས་གང་ཡང་ཐོན་མེད། རྒྱ་ནག་གཞུང་གིས་བོད་ལ་གང་ཡང་སྤྲོད་རྒྱུ་མིན་ཞེས་ཁ་གསལ་བོས་ལབ་ཡོད། དེ་འདྲའི་གནས་སྟངས་ཛ་དྲག་འོག་ནས་ཚོགས་ཆེན་འཚོགས་ཡོད་སྟབས། མི་དམངས་ཚང་མས་གལ་ཆེན་དོན་ཆེན་དུ་རྩིས་ཏེ་བསམ་ཚུལ་གསུང་གི་རེད། དེར་བརྟེན། གྲུབ་འབྲས་ཡག་པོ་ཞེ་དྲག་ཡོང་གི་རེད་སྙམ་ཡོད། ཅེས་གསུངས་བྱུང༌། ཡང་ཁོང་ལ་ཐེངས་འདིའི་ཚོགས་ཆེན་ལ་བཀའ་ཤག་གིས་བཀའ་མོལ་གང་ཡང་གནང་རྒྱུ་མིན་གསུངས་སོང་བར་དགོངས་ཚུལ་གང་ཡོད་དྲིས་པར་ཁོང་གིས། བཀའ་ཤག་གི་གསུང་འཕྲིན་ཐད་བསམ་ཚུལ་གང་ཡང་མེད། ཉེ་སྔོན་བཀའ་བློན་རྣམ་པ་ཚོགས་ཆུང་ཁག་གི་ནང་དུ་ཕེབས་རྒྱུ་མིན་གསུངས་སོང༌། སྐབས་དེར་ང་ཚོས་མ་ཕེབས་ན་འགྲིག་གི་མ་རེད། གང་ཡིན་ཟེར་ན། གྲོས་ཚོགས་ནང་གཏན་འབེབས་གནང་སྐབས་བཀའ་ཤག་ཡོད། ཐེངས་འདིར་ངེས་པར་དུ་ཕེབས་དགོས་པ་རེད། ཅེས་ཞུས་པ་ཡིན། དེ་རིང་ཕེབས་ཡོད་ཀྱང་བཀའ་མོལ་གནང་གི་མིན་གསུངས་སོང༌། དེ་ཡག་པོ་རེད་བསམས་ཡོད། སྐུ་མདུན་ཡང་ཕེབས་ཡོད་པ་མ་རེད། ད་རེབ་མི་དམངས་རང་གི་བསམ་ཚུལ་བཅོས་མིན་དེ་བསྡུ་དགོས་ཀྱིན་ཡོད་པ་རེད། དེ་ལ་ཤུགས་རྐྱེན་གང་ཡང་མ་ཐེབས་པ་ཞིག་དགོས་ཀྱིན་ཡོད་པ་རེད། ཅེས་དང༌། ཚོགས་ཆེན་སྟེང་ཚོགས་མི་མཉམ་ཞུགས་བྱེད་ཕྱོགས་ཐད། ང་ཚོའི་འཆར་གཞི་ལྟར་མི་མང་པོ་ཕེབས་འདུག བཙན་བྱོལ་བོད་མི་གར་ཡོད་འཛམ་གླིང་གི་གླིང་ཕྲན་དྲུག་ནས་སྐུ་ཚབ་ཕེབས་འདུག དེ་བཞིན་བོད་ནང་གི་དགོངས་ཚུལ་མང་བོ་ཞིག་བསྡུ་ཐུབ་པ་བྱུང་ཡོད། དེར་བརྟེན། ཐེངས་འདིའི་ཚོགས་ཆེན་སྟེང་བོད་གཞིས་བྱེས་གཉིས་ནས་བསམ་ཚུལ་སྤུངས་ཐུབ་པ་ཞིག་བྱུང་ཡོད་ཟེར།

ཡང༌། ཁོང་ལ་ཐེངས་འདིར་བོད་ནང་གི་བསམ་ཚུལ་བསྡུས་པའི་སྐོར་དྲིས་པར་ཁོང་གིས། དེའི་ཐད་ང་རང་འདོད་པ་ཚིམས་པ་ཞིག་བྱུང་སོང༌། གང་ཡིན་ཟེར་ན། མི་སྟོང་ཕྲག་བརྒྱད་ ༨༠༠༠ ལྷག་གིས་སྐུ་མདུན་གྱི་ལམ་སྟོན་གང་གནང་བ་དེ་རང་ཡིན་གསུངས་ཡོད། དེ་ཚོ་ཡང་ཡག་པོ་རེད། རྒྱ་གཞུང་གིས་སྐུ་མདུན་གྱིས་བོད་པའི་སྐུ་ཚབ་མཚོན་ཐུབ་ཀྱིན་མེད་ཟེར་གྱིན་ཡོད། ༧གོང་ས་མཆོག་གིས་བོད་མིའི་སྐུ་ཚབ་མཚོན་པ་དང༌། མི་དམངས་ཀྱིས་སྐུ་མདུན་ལ་ཡིད་ཆེས་བློས་འཁེལ་བྱས་ཡོད་པ་གསལ་བོ་བསྟན་པ་རེད། གཞན་མི་སྟོང་ཕྲག་ལྔ་ ༥༠༠༠ ལྷག་གིས་རང་བཙན་གཙང་མ་བརྩོད་རྒྱུ་ཡིན། དབུ་མའི་ལམ་ལ་སྒྱུར་བཅོས་གཏོང་དགོས་གསུངས་འདུག དེར་ང་རང་འདོད་པ་ཞེ་དྲག་ཁེངས་ཡོད།  ཡང༌། མི་སྟོང་ཕྲག་གཉིས་ ༢༠༠༠ ལྷག་གིས་ལམ་དབུ་མ་རང་འཇགས་ཡིན་གསུངས་འདུག དེ་ང་རང་གི་བསམ་ཚུལ་བྱས་ན། ཁོང་ཚོར་བསམ་ཚུལ་བསྡུ་སྐབས། ༧གོང་ས་མཆོག་གི་ཉེ་ཆར་གྱི་གསུང་འཕྲིན་དེ་ཐོས་ཡོད་པ་མ་རེད། དེའི་ནང་གི་ལམ་དབུ་མར་གྲུབ་འབྲས་གང་ཡང་མ་ཐོན་པ་དེ་དག་ཐོས་ཡོད་པ་མ་རེད། གལ་སྲིད་དེ་དག་ཤེས་ཡོད་ན་ད་དུང་རང་བཙན་གཙང་མ་དགོས་ཟེར་མཁན་མང་བ་རེད་ཟེར། 

ཁོང་སྐུ་ཉིད་སྒེར་ངོས་ནས་ཚོགས་ཆེན་འདིའི་ཐོག་ཐག་གཅོད་གང་འདྲ་ཞིག་ཡོང་བར་རེ་བ་རྒྱག་གིན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་གིས། དེ་ཁྱེད་རང་ཚོས་མཁྱེན་མཁྱེན་པ་རེད། ང་སྒེར་ངོས་ནས་ག་དུས་ཡིན་ནའང་རང་བཙན་གཙང་མ་འདོད་མཁན་ཞིག་དང༌། སྔོན་མ་ནས་དེའི་སྟེང་ལ་སྐད་ཆ་བཤད་མཁན་ཞིག་ཡིན། དབུ་མའི་ལམ་གྱི་ཐོག་ནས་གྲུབ་འབྲས་མ་ཐོན་པ་སྐུ་མདུན་རང་གིས་གསུངས་ཡོད། དེར་བརྟེན། ལྟ་བ་ལངས་ཕྱོགས་གཅིག་གྱུར་གྱིས་ང་ཚོ་རང་བཙན་གྱི་ཐོག་ལ་འགྲོ་དགོས་པ་རེད་བསམ་ཡོད། ཐེངས་བརྒྱད་པའི་བོད་རྒྱའི་འབྲེལ་མོལ་དེའི་ཐད་དུའང་ང་རང་འདོད་པ་ཁེངས་པོ་ཞེ་དྲག་བྱུང་སོང༌། ངས་གྲོས་ཚོགས་ནང་ནས་ལམ་དབུ་མར་གྲུབ་འབྲས་གང་ཡང་འཐོན་གི་མ་རེད། ཅེས་ཐེངས་མང་པོར་ལབ་རྒྱུ་བྱུང༌། ལམ་དབུ་མའི་སྲིད་ཇུས་དེ་སྡུག་ཅག་རེད་ལབ་གི་མེད། ལམ་དབུ་མའི་སྲིད་ཇུས་དེ་དངོས་ནས་བྱས་ན། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ལྟ་བུ་ཞིག་རེད། ཕར་ཕྱོགས་དགྲ་ལ་ཕན་ཐོགས་པ། ཚུར་ཕྱོགས་རང་ལ་ཕན་ཐོགས་པ་ཞིག་རེད། འོན་ཀྱང༌། དེ་ལ་གྲུབ་འབྲས་གང་ཡང་མཐོན་གི་མ་རེད། གང་ཡིན་ཟེར་ན། སྲིད་ཇུས་དེ་ལག་བསྟར་བྱེད་མཁན་རྒྱ་ནག་ཆགས་ཡོད། རྒྱ་ནག་གིས་ལག་ལེན་བསྟར་གི་མ་རེད། རྒྱ་གཞུང་ལ་ཡིད་ཆེས་དང་རེ་བ་གང་ཡང་མེད། ཅེས་ངས་སྔོན་མ་ཐེངས་མང་པོར་ལབ་པ་དེ་དག་དག་ཆགས་སོང་སྙམ་ཡོད།

 མཁས་<wbr>དབང་<wbr>འཇམ་<wbr>དབྱངས་<wbr>ནོར་<wbr>བུ།མཁས་དབང་འཇམ་དབྱངས་ནོར་བུ་ལགས་སུ་བཀའ་ཤག་གི་གསུང་འཕྲིན་ཐད་དགོངས་ཚུལ་གང་ཡོད་དྲིས་པར་ཁོང་གིས། ཐེངས་འདིའི་ཚོགས་ཆེན་སྟེང་གི་བཀའ་ཤག་གི་གསུང་འཕྲིན་ལ། ང་ཅུང་ཙམ་མགོ་འཐོམ་པ་འདྲ་ཞིག་བྱུང་སོང༌། གང་ཡིན་ཟེར་ན། ཟམ་གདོང་རིན་པོ་ཆེ་ཡིས་ད་རེབ་ཚོགས་ཆེན་སྟེང་ནས་ཐག་གཅོད་གང་ཡང་ཡོང་གི་མེད་པའི་བཟོ་འདྲ་བོ་གསུངས་སོང༌། ཕྱོགས་གཅིག་ནས་དེ་ནི། མང་ཚོགས་ཀྱིས་རེ་བ་ཞེ་དྲག་མི་རྒྱག་རྒྱུའི་ཆེད་དུ་ཁོང་ཚོས་བཀའ་མོལ་དེ་ལྟར་གནང་བ་མིན་འགྲོ་སྙམ། ཚོགས་ཆེན་འདིའི་སྟེང་མི་ཚང་མའི་རེ་བ་དང་བསམ་ཚུལ་གཅིག་པ་བྱུང་དཀའ་ཡང༌། རྒྱ་ནག་གི་ཐོག་ལ་ང་ཚོས་མཁྲེགས་པོ་བྱ་དགོས་པ་རེད། ང་ཚོས་དམིགས་ཡུལ་བརྟན་པོ་ཞིག་དང་ནུས་ཤུགས་ཆེན་པོ་ཞིག་འདོན་དགོས། བྱུང་ན་རང་བཙན་གཙང་མའི་ཐོག་ལ་གོམ་པ་དང་པོ་གཉིས་པ་རྒྱག་ཚད་རེད་བསམ་ཡོད། ཅེས་དང༌། ཡང་ཁོང་གིས་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པའི་སྐོར་གསུངས་དོན། བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་རྦད་དེ་ཆད་པ་རེད། དེའི་ཐོག་ལ་ང་ཚོས་རེ་བ་རྒྱག་རྒྱུ་ཡོད་པ་མ་རེད། བོད་ནང་ནས་གསར་དུ་འབྱོར་བ་ཚོས་རྒྱ་ནག་གི་བྱེད་སྟངས་གསལ་བོ་མཁྱེན་གི་རེད། ང་ཚོའི་འདི་ནས་ཀྱང་རྒྱ་ནག་གི་དཔོན་རིགས་ཚོའི་བྱེད་སྟངས་ཤེས་གི་རེད། ད་དུང་རེ་བ་ཞེ་དྲག་བརྒྱབས་ཏེ། གོ་བ་མང་པོ་བླངས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། རྒྱ་ནག་གི་ཨོ་ལིམ་པིག་ལ་རྒྱལ་ཁ་ཅུང་ཞིག་ཐོབ་སྟེ་སྤོབས་པ་ཞིག་སླེབས་ཡོད། ད་ནི་བོད་པ་ཚོར་སྐད་ཆ་བཤད་དགོས་པ་མི་འདུག་བསམ་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་དུ་སླེབས་ཏེ་ལོ་ལྔ་བཅུ་འགོར་གྱིན་ཡོད། ང་ཚོར་མེ་འབར་ཚད་དུ་སླེབས་ཡོད།  གང་ས་གང་ནས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ། རྒྱ་ནག་གཞུང་ལ་ངོ་ཚ་བོ་དང་དཀའ་ལས་ཁག་པོ་བཟོས་ན། རྒྱ་གཞུང་གིས་བོད་ནང་གི་བོད་རིགས་སྤུན་ཟླ་ཚོར་མཁྲེགས་པོ་བྱེད་རྒྱུ་ཁག་ཙམ་ཡོད་པ་རེད། འཛམ་གླིང་གང་ས་ནས་བོད་པའི་སྟེང་ལ་དོ་སྣང་ཞིག་སླེབས་གི་རེད། ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་དེ་འདྲའི་ཐོག་ལ་བཀའ་མོལ་གནང་སྟེ། ད་རེབ་མཉམ་རུབ་ཐོག་ནས་ཕྱག་ལས་ཤུགས་ཆེན་པོ་ཞིག་གནང༌། གཞུང་གི་ངོས་ནས་ཀྱང་ཐད་ཀར་ཇུས་གཏོགས་གནང་མི་ཐུབ་ཀྱང༌། ང་ཚོར་གོ་ནོར་མ་ཐེབས་པ་དང༌། འཐོམ་འདུག་རྒྱུ་མ་ཡིན་པར་བཀའ་མོལ་མཉམ་དུ་གནང་རྒྱུ་གལ་ཆེན་པོ་རེད། དེ་ནི་ང་རང་གི་རེ་བ་ཆེ་ཤོས་དེ་ཡིན། ཐེངས་འདིར་བོད་ནང་གི་བསམ་ཚུལ་བྱུང་ཡོད་པ་མ་རེད། མི་གཅིག་གཉིས་ལ་བཀའ་མོལ་གནང་བ་དང༌། ལས་བྱེད་དང་གནད་ཡོད་མི་སྣ་རེ་གཉིས་ལ་སྐད་ཆ་བཤད་ཡོད་སྲིད་ཀྱང༌། དེ་མི་དམངས་བྱིངས་ཀྱི་བསམ་ཚུལ་དུ་འགྲོ་གི་མ་རེད། ང་ཚོར་བསམ་ཚུལ་མཁོ་སྒྲུབ་ཀྱི་ལམ་ཁ་ཡང་ཡོད་པ་མ་རེད། བོད་ནང་གི་སྐད་འབོད་སྐབས། བོད་རང་བཙན་གཙང་མ་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས། བོད་མི་དམངས་ལ་རང་དབང་དགོས་ཟེར་བ་དེ་གསུམ་ནི་བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱི་བསམ་ཚུལ་ངོ་མ་དེ་རེད། དེ་དག་ལ་བསམ་བློ་གཏོང་གིན་གཏོང་གིན་ཐག་གཅོད་ཅིག་གནང་དགོས་པ་རེད་བསམས་ཡོད་ཟེར།

མཁས་<wbr>དབང་<wbr>བློ་<wbr>བཟང་<wbr>སེང་<wbr>གེ།བློ་བཟང་སངྒེ་ལགས་སུ་ཐེངས་འདིའི་ཚོགས་ཆེན་ལ་སྤྱི་ཡོངས་ཀྱི་བསམ་ཚུལ་གང་འདྲ་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་གིས། ཚོགས་ཆེན་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་རེད། ང་རང་གི་ངོས་ནས་ཚོགས་ཆེན་འདིར་བཅར་ཐུབ་པ་བྱུང་བར་དགའ་བོ་ཞེ་དྲག་བྱུང་སོང་ལ། གོ་སྐབས་རག་ན་ང་རང་གི་བསམ་ཚུལ་ཆ་ཚང་ཞུ་འདོད་ཡོད། བོད་ནང་གི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་དང༌། བོད་སྤྱིའི་གནས་བབ་ཛ་དྲག་ཆགས་ཡོད། དེར་བརྟེན། ཚོགས་ཞུགས་པ་ཡོངས་ཀྱིས་སོ་སོའི་འཇོན་ཚོད་དཔག་ཚོད་ཀྱིས་བསམ་ཚུལ་བརྗོད་དེ་འཆར་གཞི་སྒྲིག་གལ་ཆེ་ལ། ང་རང་གི་ངོས་ནས་ཀྱང་གང་ཐུབ་ཞུ་དགོས་དྲན་ཡོད། ཅེས་དང༌། ཡང་ཁོང་གིས་བཀའ་ཤག་གི་གསུང་འཕྲིན་ཐད་བརྗོད་དོན། བཀའ་བློན་ཁྲི་པའི་ངོས་ནས་མི་དམངས་ཀྱི་སྐྱོན་འཛུགས་དང་དོགས་པ་མང་པོ་ཞིག་ལ་གསལ་བཤད་གནང་སོང༌། དེ་དང་མཉམ་དུ་ཐེངས་འདིའི་ཚོགས་ཆེན་ལ་བཀའ་ཤག་གིས་ཐེ་ཇུས་གནང་གི་མིན། མི་མང་ལ་བསམ་ཚུལ་གང་ཞིག་ཡོད་རུང་བཤད་རོགས། ཞེས་གསུངས་སོང༌། དེ་ཚོ་ཞེ་དྲག་ཡག་པོ་རེད། གང་ཡིན་ཟེར་ན། སྤྱི་འཐུས་དང་བཀའ་ཤག་གི་ཐོག་ནས་ཉིན་དང་པོ་ནས་ལངས་ཕྱོགས་དང་འགྲོ་སྟངས་འདི་འདྲ་ཡིན་གསུངས་ན། མི་མང་གི་བསམ་བློ་གཏོང་ཕྱོགས་ལ་ཁྱད་པར་འགྲོ་གི་རེད། དེར་བརྟེན། ད་རེབ་མི་དམངས་ལ་བསམ་ཚུལ་ག་རེ་ཡོད་པ་དེ་སྤུངས་རྒྱུའི་གོ་སྐབས་སྤྲད་པ་ཞེ་དྲག་ཡག་པོ་རེད་སྙམ་ཟེར། ཡང་ཁོང་ལ་ད་རེབ་ཚོགས་ཆེན་སྟེང་ནས་ཐག་གཅོད་གང་འདྲ་ཞིག་ཡོང་བར་ཚོད་དཔག་བྱེད་ཀྱིན་ཡོད་ཅེས་དྲིས་པའི་ལན་དུ་ཁོང་གིས། དེ་ད་ལྟ་ནས་ཚོད་དཔག་ཐུབ་པ་ཞིག་ཁག་པོ་རེད། ཡིན་ནའང༌། ངས་ཉེ་སྔོན་མི་དམངས་དང་བགྲོ་གླེང་སྐབས་སུའང་ཞུས་ཡོད། ང་ཚོས་རང་བཙན་དང་དབུ་མའི་ལམ་གྱི་བགྲོ་གླེང་དེ་བྱ་དགོས་པ་ཞིག་ཡིན་རུང༌། ཅུང་ཉུང་དུ་བཏང་སྟེ། སྤྱི་དམངས་ཀྱི་ཐོག་ནས་ག་རེ་བྱ་རྒྱུ་ཡིན། སྒྲིག་འཛུགས་ཀྱི་ཐོག་ནས་ག་རེ་བྱ་རྒྱུ་ཡིན། དེ་བས་གལ་ཆེ་ཤོས་དོ་བདག་སོ་སོའི་ངོས་ནས་ག་རེ་བྱ་རྒྱུ་ཡིན། དེ་དག་གི་ཐད་བགྲོ་གླེང་དང་ཐག་གཅོད་གཅིག་གྱུར་ཅིག་བྱ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་སྙམ་ཟེར།

བོད་<wbr>དོན་<wbr>ལས་<wbr>འགུལ་<wbr>བ་<wbr>བསྟན་<wbr>འཛིན་<wbr>བརྩོན་<wbr>འགྲུས།རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་ཐེངས་འདིའི་ཚོགས་ཆེན་ཐད། སྤྱི་ཡོངས་ཀྱི་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། དུས་ཚོད་རྒྱུན་རིང་ཞིག་གི་རྗེས་སུ་འདི་ལྟར། ཚོགས་ཆེན་ཞིག་ཚོགས་ཐུབ་པ་བྱུང་བར་དགའ་སྣང་ཞེ་དྲག་བྱུང༌། ང་ཚོའི་བསམ་ཚུལ་དང་ལངས་ཕྱོགས་ལ་ལམ་སེང་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད། གཅིག་བྱས་ན། ཚོགས་འདུ་རྫོགས་པ་ཡིན་ནའང༌། སྲིད་བྱུས་ལ་འགྱུར་བ་འདྲ་འགྲོ་གི་མ་རེད། སྤྱི་ཚོགས་ནང་རང་སྲིད་རང་སྐྱོང་ལ་ལམ་ལྷོང་གང་ཡང་ཡོང་གི་མ་རེད་ཅེས་བསམ་ཚུལ་ཡོང་གིན་ཡོད། ང་རང་ལའང་བསམ་ཚུལ་དེ་ཡོད། འོན་ཀྱང༌། རང་སྲིད་རང་སྐྱོང་གི་དགོངས་ཚོད་དེ་༧གོང་ས་མཆོག་གིས་གསུངས་པ་ཡིན་སྟབས། སྤྱི་ཚོགས་ནང་ནས་དེ་ལ་འགྱུར་བ་གཏོང་ཕོད་ཀྱིན་མེད་ལ། གཞིས་ཆགས་ཁག་ནས་ཡོང་བའི་སྐུ་ཚབ་ཚོས་བསམ་ཚུལ་དེ་ཤུགས་ཆེན་པོ་འཁྱེར་ཡོད་པ་རེད། དེར་བརྟེན། ལམ་སེང་རྩ་དོན་ལ་འགྱུར་བ་གཏོང་རྒྱུ་ཁག་པོ་རེད་སྙམ། འོན་ཀྱང༌། ཐེངས་འདིར་ཕྱི་རྒྱལ་ཁག་ནས་ཕེབས་པའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ནང་གི་ཉམས་མྱོང་ཅན་མང་པོ་ཞིག་སླེབས་ཡོད། ཁོ་ཚོས་བགྲོ་གླེང་གོ་བསྡུར་ཞིབ་རྒྱས་བྱས་ན་འགྱུར་བ་འདྲ་འགྲོ་སྲིད་གི་རེད་བསམ་ཡོད། ཅེས་དང༌། ཡང་ཁོང་གིས་བཀའ་སྤྱི་གཉིས་ཀྱི་གསུང་བཤད་ཐད་དགོངས་ཚུལ་གསུངས་དོན། བཀའ་བློན་ཁྲི་པས་ཐེངས་འདིར་བཀའ་ཤག་གི་བསམ་ཚུལ་གསུང་གི་མིན་གསུངས་སོང༌། ༧གོང་ས་མཆོག་གིས་ཀྱང༌། ཐེངས་འདིའི་ཚོགས་ཆེན་སྟེང་ང་རང་སྒེར་གྱི་བསམ་ཚུལ་གང་ཡང་མེད། མི་དམངས་རང་ནས་བསམ་ཚུལ་བརྗེ་ལེན་དང་གྲོས་བསྡུར་བྱས་ཏེ། ཐག་གཅོད་དགོས་གསུངས་ཡོད། མི་དམངས་རང་གིས་འགན་དེ་ཆ་ཚང་འཁུར་དགོས་པ་རེད་ལ། འགན་འཁུར་རྒྱུའི་དབང་ཚད་ཀྱང་ཆ་ཚང་ཡོད། ནོར་ཡོད་ན་འགྲིག་ཡོད་ན། གང་ལྟར་བློ་ཁོག་ཆེན་པོ་དང་བསམ་བློ་གུ་ཡངས་པོས་གྲོས་བསྡུར་བྱས་ཏེ། གྲ་སྒྲིག་བྱ་རྒྱུ་གལ་ཆེན་པོ་རེད་སྙམ། ཞེས་བརྗོད་སོང༌།


ཡང་ཁོང་སྒེར་ངོས་ནས་ཐེངས་འདིའི་ཚོགས་ཆེན་སྟེང་རེ་བ་དང་ཡིད་ཆེས་གང་འདྲ་ཞིག་བཟུང་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། སྐུ་ཚབ་རྣམ་གཉིས་ནས་ཀྱང༌། ང་ཚོའི་གྲོས་མོལ་ལམ་ལྷོང་བྱུང་མེད། དེའི་འགན་ཆ་ཚང་རྒྱ་ནག་ལ་ཡོད་གསུངས་སོང༌། ང་ཚོ་བོད་པའི་སྤྱི་ཚོགས་ནང་ནས་དངོས་ཡོད་གནས་ཚུལ་དེ་ངོས་ལེན་བྱ་དགོས། ༧གོང་ས་མཆོག་གི་དགོངས་པ་རེད། ཅེས་ཨུ་ཚུགས་བརྒྱབས་བསྡད་ན། ཡང་བསྐྱར་སྐུ་མདུན་ལ་ལས་འགན་སྤུངས་ཀྱིན་ཡོད། སྐུ་མདུན་ནས་མི་དམངས་ཀྱི་བསམ་ཚུལ་ཤོད་ཟེར་དུས་ཚོགས་འདུར་ཕེབས་པ་ཚོ་མི་དམངས་ཀྱི་སྐུ་ཚབ་ཡིན། འགན་འཁུར་ཏེ་བློ་ཁོག་ཆེན་པོས་ཐག་གཅོད་ཅིག་ཡོང་ཐུབ་རྒྱུར་ང་རང་གིས་རེ་བ་བརྒྱབས་ཡོད། དབུ་མའི་ལམ་བརྒྱུད་དེ་རང་སྲིད་རང་སྐྱོང་ཟེར་བ་ཞིག་ཐོབ་རྒྱུ་མེད་པ་གསལ་བོ་རེད། ད་ནི་རང་བཙན་ལ་བསྐྱར་ཞིབ་བྱས་ཏེ། གཞུང་དམངས་གཉིས་ནས་མངོན་འདོད་གཅིག་གྱུར་བཟོས་པ་ཡིན་ན། ང་ཚོ་ཚང་མ་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་གི་རེད། ཐེངས་འདིར་འཚེ་མེད་ཞི་བའི་ལམ་ནས་རང་བཙན་རྩོད་རྒྱུའི་ལམ་ཁ་ཞིག་འཚོལ་རྒྱུར་གོ་བསྡུར་བྱུང་ན་བསམ་ཡོད། ཅེས་བརྗོད་བྱུང༌།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།