དུས་མིན་གྱི་སྨོན་ལམ།

15/01/2009 21:23

 

དུས་མིན་གྱི་སྨོན་ལམ་ཆེན་མོ།

 

ཆོས་ལུགས་དད་མོས་རང་དབང་དང་སྤྱི་ཚོགས་འཆམ་མཐུན། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་ཟེར་བའི་རྒྱ་གཞུང་གི་རྩ་ཁྲིམས་དང༌། མི་རིགས་ས་གནས་བཅའ་ཁྲིམས་གཉིས་ཀར་རྡོག་རྫུས་བྱས་ཏེ། རྒྱ་གཞུང་གིས་བོད་ནང་གི་ཆོས་ཀྱི་བྱེད་སྒོ་དང་དགོན་པའི་མཛད་རིམ་དག་ཀྱང༌། སྔ་སྣུར་ཕྱིར་འགྱངས་ཀྱི་དུས་བཅད་ཚོད་འཛིན་བྱེད་ཀྱིན་ཡོད་འདུག

 

 

འདི་གའི་གསར་ཁང་ལ་འབྲེལ་ཡོད་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་བཀོད་དོན། ཉིན་འགའི་སྔོན་ལ་བོད་ཨ་མདོ་རྔ་བ་སྤྲོ་ཚིགས་ཞང༌། ཀ་ཉག་སྡེ་བའི་མིང་ལ་ཆོས་འཕེལ་ཞུ་བའི་ད་ལོ་རང་ལོ་ ༢༤ ཡིན་པ་ཞིག་གིས་རྨེའུ་རུའི་ཉེ་འདབས་བརྒྱུད་དེ། ཁྲིམས་འགལ་གྱི་རླངས་འཁོར་ཞིག་བསྐོར་ནས་ཡོང་སྐབས། དེ་གའི་ཉེན་རྟོག་པས་མེ་མདའ་ཐེངས་ལྔར་བརྒྱབས་ཏེ། ཆོས་འཕེལ་གྱི་མཁལ་མའི་སྟེང་ཕོག་སྟེ་རྨས་སྐྱོན་ཚབས་ཆེན་ཆགས་ཡོད་འདུག ཐོག་མར་ཉེན་རྟོག་པའི་གམ་དུ་སླེབས་སྐབས་བཀག་འགོག་སོགས་གང་ཡང་བྱས་མེད་པར་ཅུང་ཡར་ཙམ་སོང་རྗེས་མེ་མདའ་བརྒྱབས་ཡོད་འདུག་ལ། ཁོང་ད་ལྟ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཡོད་འདུག གོང་གི་གནད་དོན་འདིའི་སྐོར་ལ་བོད་ནང་ནས་བོད་མི་ཞིག་གིས་དྲ་བའི་སྟེང་གནས་ཚུལ་སྤེལ་བའི་ནང༌། ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས། བོད་མི་རྣམས་གང་བྱུང་དུ་གསོད་ཆོག་པའི་ཁྲིམས་སྲོལ་ཞིག་བསྒྲགས་ཡོད་ས་རེད། རྒྱུ་མཚན་ནི། དེང་སྐབས་ཨ་མདོ་རྔ་པ་རུ་ཁྲིམས་མཐུན་མ་ཡིན་པའི་རླངས་འཁོར་ཧ་ཅང་མང་ཡང༌། ཁོང་ཚོར་ཅི་ཡང་བྱེད་ཀྱིན་མེད། ཅེས་བཀོད་འདུག

 

 

གནས་ཚུལ་དེའི་ནང་མུ་མཐུད་བཀོད་དོན། ཉིན་འགའི་སྔོན་རྔ་པ་རྫོང་མི་དམངས་སྲིད་གཞུང་ནས། ཀིརྟི་དགོན་པའི་ལོ་སར་ཟླ་གཅིག་གི་སྔོན་ལ་བསྣུར་དགོས་པ་དང༌། གྲྭ་པ་ཚོའི་དགུན་གནང་གི་ཆོས་མཚམས་སྐབས། སྨོན་ལམ་དང་དགུ་གཏོར། གནས་བཅུ་སོགས་འཚོགས་སྲོལ་ཡོད་པ་བཅས་ཀྱི་ཆོས་ལུགས་བྱེད་སྒོ་གང་ཡོད་ཟླ་གཅིག་གི་སྔོན་ལ་འཚོགས་དགོས་ཞེས་བསྒྲགས་འདུག དེ་ནི་རྒྱའི་ལོ་སར་དང་དུས་བསྟུན་བྱ་དགོས་པ་དེ་ཡིན་པར་བརྟེན། དགོན་པའི་གྲྭ་པ་ཚང་མ་ཕྱིར་ཕ་ཡུལ་དུ་འགྲོ་བཞིན་ཡོད་འདུག དེ་ནི་ཆོས་ལུགས་དད་མོས་རང་དབང་ཟེར་བའི་སྐད་ཆ་དེར་གཏོར་རྒོལ་གཏོང་འདོད་པ་རེད། དཔེར་ན་རྒྱ་ནག་གཞུང་གིས་ལྔ་གཅིག་དུས་ཆེན་དང༌། བཅུ་སྟོན་སོགས་ནམ་ཡང་འདི་ལྟར་སྔ་སྣུར་ཕྱིར་འགྱངས་བྱས་མྱོང་ངམ། ཆོས་ལུགས་བྱེད་སྒོ་དག་ནམ་ཡང་སེམས་ཀྱི་བག་ཆགས་དང་སྔ་མའི་ལུགས་སྲོལ་གཞིར་བཟུང་འགྲོ་དགོས་པ་ལས། དུས་མིན་གང་བྱུང་ཅི་འདོད་བྱས་ན་ག་ལ་འགྲིག ཅེས་དང༌། ད་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ཡང་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་འཚོགས་ཐུབ་མིན་ད་དུང་བཤད་དཀའ་བའི་གནས་རེད། སྤྱིར་ད་ལྟའི་བཙན་བཀའ་དེ་རིགས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་བྱས་པའི་བཀའ་ཞིག་ཡིན་མིན་དོགས་གཞི་རེད། རྔ་པ་རྫོང་དུ་འདི་འདྲའི་ལུགས་སྲོལ་མི་ཤེས་མཁན་མང་པོ་ཡོང་སྟེ། དགོས་མིན་གྱི་ལས་ཀ་བྱེད་མཁན་མང་དག་ཅིག་ཡོད། གནད་དོན་འདི་རིགས་ཉེ་སྔོན་ཟླ་ ༡ པོའི་ཚེས་ ༡༢ ཉིན་བོད་ནང་གི་དྲ་རྒྱའི་སྟེང་སྤེལ་འདུག་ཅིང༌། ང་ཚོས་གནས་ཚུལ་དེའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན། དེང་སྐབས་རྔ་པའི་དགོན་པ་ཁག་ལ་རྒྱ་ནག་གཞུང་གིས་སྨོན་ལམ་དང་ལོ་གསར་སོགས་སྔ་སྣུར་བྱ་དགོས་པའི་བཀའ་བཏང་ཡོད་པ་བདེན་པ་རེད་ལ། དགོན་པ་མང་པོས་དེ་ལ་དང་ལེན་བྱས་མེད་ཚུལ་འདུག

 

 

ཉེ་ལམ་རྔ་པ་ཀིརྟི་དགོན་པའི་ཆོས་མཚམས་ཀྱི་དུས་ཚོད་རྫོགས་ཡོད་ཀྱང༌། སྨོན་ལམ་དང་ལོ་གསར་སོགས་སྔ་སྣུར་བྱ་དགོས་ཟེར་བ་དེར་ཁས་ལེན་བྱ་ཐབས་མེད་པ་རེད། དཔེར་ན། རྒྱ་ནག་གཞུང་གིས་གཏན་འཁེལ་བྱས་ཡོད་པའི་དུས་ཆེན་ཁག་སྔ་སྣུར་ཕྱིར་འགྱངས་བྱས་མྱོང་ཡོད་དམ། མ་འོངས་པར་ཡང་དེ་ལྟར་བྱ་ཆོག་གི་རེད་དམ། དེ་ནི་ཡོང་མི་སྲིད་པ་ཞིག་རེད། ང་ཚོའི་དུས་ཆེན་ཁག་ཀྱང་དེ་དང་གཅིག་མཚུངས་ཡིན་སྟབས། ཟླ་ཚེས་ནམ་ཞིག་ལ་དུས་ཆེན་འཁེལ་གྱིན་ཡོད་ན། སྐབས་དེར་དུས་ཆེན་སྲུང་གཙི་ཞུ་དགོས་པ་ལས་དུས་ཆེན་གྱི་དུས་ཚུགས་མ་ཡིན་པ་ཞིག་ལ་དུས་ཆེན་སྲུང་གཙི་བྱ་དགོས་ཟེར་ན་ཡོང་ཐབས་མེད་པ་ཞིག་རེད། སྨོན་ལམ་ཞེས་པའི་ཆོས་ཀྱི་བྱེད་སྒོ་འདི་མགོ་བཙུགས་པ་ནས་བཟུང༌། ལོ་ལྟར་ཆོ་འཕྲུལ་ཟླ་བར་འཚོགས་ཀྱིན་ཡོད་སྟབས། སྨོན་ལམ་སྔ་སྣུར་བྱ་དགོས་ཟེར་ན་གཏན་ནས་ཡོང་ཐབས་མེད། ཅེས་སོགས་ཀྱི་སྦྱར་ཡིག་འདྲ་མིན་བཀྲམས་ཏེ། ད་ལྟ་དགོན་པའི་དགེ་འདུན་པ་རྣམས་དགོན་ནང་ལ་ཡོང་གི་མེད་པར་རང་ཁྱིམ་དང་ས་ཆ་འདྲ་མིན་ལ་འགྲོ་བཞིན་ཡོད་པར་བརྟེན། དེང་སྐབས་དགོན་པའི་འཆར་ཅན་གྱི་བྱེད་སྒོ་ཁག་ཀྱང་སྤེལ་ཐུབ་ཀྱིན་མེད་འདུག ཅེས་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས། ཞེས་བཀོད་འདུག

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།