ཕག་ཆམ་སྔོན་འགོག་

14/08/2009 00:00

ཕག་ཆམ་སྔོན་འགོག་ལ་དོ་སྣང་བྱེད་དགོས།

བོད་ཀྱི་བང་ཆེན།

ད་ལྟ་རྒྱ་གར་ནང་དུ་ཕག་ཆམ་གྱི་ན་ཚ་ཁྱབ་གདལ་དུ་ཕྱིན་ནས་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང། རྒྱ་གར་

གྱི་གསར་ཤོག་ཁག་ཅིག་གི་ནང་དྷ་རམ་ས་ལ་རུ་ན་ཚ་དེས་བོད་མི་མདུན་ཞིག་ན་ཡི་ཡོད་སྐོར་གྱི་སྐད་ཆ་ཞིག་ཁྱབ་པ་

དེ་བདེན་པ་མ་རེད་མོད། ཚང་མས་སྔོན་འགོག་གི་ཐབས་བྱུས་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་བོད་གཞུང་འཕྲོད་

བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་གསུངས་ཡོད་པ་རེད།


    ཟླ་འདིའི་ཚེས་༡༤ ཕྱི་དྲོ་བོད་གཞུང་དཔལ་འབྱོར་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་ཕག་ཆམ་གྱི་ན་ཚའི་

སྐོར་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང།   སྐབས་དེར་ཁོང་གིས་གསུང་དོན། ན་ཚ་དེའི་ངོ་བོ་

ཆམ་ནད་རེད་ལ།  ཕན་ཚུན་ལ་འགོ་རྒྱུའི་མྱུར་ཚད་མགྱོགས་པོ་རེད།  མི་ཚང་མ་འགྲིམ་འགྲུལ་གྱི་སྐབས་དང།  མི་མང་

འཛོམས་སར་འགྲོ་སྐབས་ཁ་རས་གོན་དགོས་པ་དང། དེ་བཞིན་ལག་པ་རྒྱུན་ལྡན་འཁྲུ་རྒྱུ་སོགས་གལ་ཆེན་པོ་རེད།

 

ད་ལྟ་རྒྱ་གར་ནང་དུ་ཕག་ཆམ་གྱི་ན་ཚ་ཁྱབ་གདལ་དུ་ཕྱིན་ནས་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང། དྷ་རམ་

ས་ལ་རུ་ཡང་ན་ཚ་དེ་སླེབས་ཡོད་སྐོར་གྱི་སྐད་ཆ་ཞིག་ཁྱབ་པ་དེ་བདེན་པ་མ་རེད་མོད་ཚང་མས་སྔོན་འགོག་གི་ཐབས་

བྱུས་བྱེད་དགོས་པ་གལ་ཆེན་པོ་རེད། ན་ཚ་དེ་ཕོག་ན་ལམ་སང་སྨན་ཁང་དུ་བསྟེན་གཏུག་བྱས་ན་སྨན་བཅོས་བྱེད་ཐུབ་

ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།


    གསར་འགོད་པས་དྷ་སར་ན་ཚ་དེ་བརྟག་དཔྱད་བྱེད་ས་ཡོད་མེད་དང། སྨན་རྩིས་ཁང་གིས་ན་ཚ་དེ་འགོག་ཆེད་རིལ་

བུ་ཞིག་སྤྲོད་ཀྱི་ཡོད་པ་དེས་ཕན་ཐོགས་ཡོད་མེད། ཕག་ཤ་ཟོས་པ་ཡིས་ན་ཚ་དེ་འགོས་ཁྱབ་འགྲོ་ཡི་ཡོད་མེད་སྐོར་དྲིས་

པར། ཁོང་གིས། ན་ཚ་བརྟག་དཔྱད་བྱེད་ས་ཀང་ར་རྫོང་ཊན་ཌ་ (TENDA) སྨན་ཁང་དུ་བརྟག་དཔྱད་བྱེད་ཀྱི་ཡོད་

པ་རེད། སྨན་རྩིས་ཁང་གིས་རུལ་བུ་དེས་འགོག་ཐབས་ལ་ཕན་གྱི་ཡོད་པ་དང། སྔོན་མ་རུལ་བུ་དེ་བཏག་ནས་ན་ཚ་འདྲ་

མིན་གྱིས་བོད་པ་མ་ན་བའི་རིགས་བྱུང་ཡོད་པ་རེད། རུལ་བུ་དེར་ཡིད་ཆས་བྱས་ན་མ་ཕན་ནའང་གནོད་པ་ཡོད་པ་མ་

རེད་ཅེས་དང། སྤྱིར་བཏང་འཕྲོད་བསྟེན་ལས་ཁུངས་ནས་ཤ་ཡི་རིགས་ཚང་མ་འཕྲོད་བསྟེན་ཡག་པོ་ཡོང་ཆེད་འགོག་གི་

ཡོད་པ་རེད། ཡིན་ནའང། ཕག་ཤ་ཡག་པོ་ཚོས་བཅུག་ན་ཕག་ཆམ་དེ་འགོས་ཁྱབ་འགྲོ་ཡི་མ་རེད་ཅེས་གསུངས་སོང།


    ཉིན་དེར་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ཉེ་ཆར་གྱི་གསར་ཤོག་ཁག་ཅིག་ནང་དྷ་རམ་ས་

ལར་བོད་མི་བདུན་ལ་ཕག་པའི་ཆམ་ནད་ཡོད་པའི་གནས་ཚུལ་ཐོན་འདུག་དེ་དངོས་བདེན་མ་རེད། འོན་ཀྱང་ཀུན་

གྱིས་མཁྱེན་གསལ་ལྟར། དེང་སྐབས་ཕག་པའི་ཆམ་ཚད་ནད་རིམས་འཛམ་གླིང་ཀུན་ལ་ཁྱབ་འཕེལ་འགྲོ་བཞིན་པ་མ་

ཟད། རྒྱ་གར་དུའང་ཁྱབ་འཕེལ་འགྲོ་བཞིན་ཡོད་པ་རེད། གཞི་རྩའི་ནད་ཡམས་དེ་བཞིན་གསར་འཕྲིན་བརྒྱུད་ལམ་ཁག་

གི་ནང་དོ་སྣང་ཇེ་ཆེར་བྱུང་བའི་རྐྱེན་གྱིས་ཛ་དྲག་གི་རྣམ་པ་གསལ་ཡང། ནད་གཞི་འགོས་མ་ཐག་སྨན་བཅོས་བྱུང་ན་

ལམ་སང་བཅོས་ཐུབ་ཀྱི་ཡོད། ནད་རྟག་ཏུ་གློ་རྒྱག་པ་དང། མིད་པ་ཚ་བ། གྲང་བཤུད་བྱེད་པ། རུས་ཚིག་ན་བ། མགོ་ན་བ།

ངལ་སྣང་ཤར་བ་བཅས་ཡོང་གི་ཡོད། སྔོན་ཚུད་ནས་དོ་སྣང་བྱུང་ན་སྔོན་འགོག་ཀྱང་གང་འཚམ་ཐུབ་ཀྱི་ཡོད་པས་ཚང་

མས་ཐུགས་སྣང་གནང་གལ་ཆེ་སྐོར་འཁོད་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།