ཕྱོགས་སུ་མ་ལྷོང་བ་དགོས
01/04/2012 14:21
རྒྱབ་སྐྱོར་གནང་མཁན་ཚོ་ཕྱོགས་སུ་མ་ལྷོང་བ་དགོས།
འདི་ལོའི་སུམ་ཅུའི་དུས་དྲན་དེ་ཕྱོགས་གང་ནས་ལྟས་ཀྱང་སྔ་དང་མ་འདྲ་བའི་དམིགས་བསལ་ཅན་ཞེས་ཆགས་ཡོད། ༸གོང་ས་མཆོག་གིས་སྐུ་དབང་མི་མང་ལ་གནང་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲིས་སྲིིད་སྐྱོང་གི་འགན་དབང་བཞེས་ནས་སུམ་ཅུ་དུས་དྲན་གྱི་སྒྲག་གཏམ་ཐོག་མ་དེ་སྤེལ་ཡོད། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་དྷ་ས་ནས་བོད་བར་དུ་ཞི་བའི་གོམ་འགྲོད་ཀྱི་དབུ་འཛུགས་གནང་ཡོད། ད་དུང་དེ་སྔོན་ལྡི་ལིའི་རྒྱ་མའི་གཞུང་ཚབ་གྱི་མདུན་དུ་རང་ལུས་མེར་འབུལ་མཁན་རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ཀྱིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཡོངས་ལ་ད་ལྟར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ཆེད་རྒྱ་གར་རྒྱལ་ཡོངས་ནང་སྤེལ་རྒྱུའི་མིག་སྒྲིབ་རྒྱལ་དཀྲོགས་ཀྱི་གོམ་འགྲོད་དེ་ཡང་ དབུ་འཛུགས་གནང་སོང། འདི་གསུམ་འདས་པའི་ལོ་ངོ་ང་གསུམ་གྱི་རིམ་ལ་བྱུང་མ་མྱོང་བའི་འདི་ལོའི་སུམ་དུས་ཀྱི་ཁྱད་ཆོས་ཤིག་ཏུ་མངོན།གོམ་བགྲོད་པ་དེ་དག་དེ་རིང་བར་དུ་ཉིན་གྲངས་བཅུ་ཕྱིན་ཡོད། འོན་ཀྱང་གླིང་ཚ་མ་བུ་གསུམ་ལ་རྒྱུད་ལམ་ཁག་གིས་བཅའ་འདྲི་དང་ཚོགས་སྡེ་ཁག་གིས་གཟིགས་རྟོགས་སོགས་གང་ཐད་ནས་རྒྱབ་སྐྱོར་དང་ཁྱབ་སྒྲགས་སོགས་འགྲོ་དང་འགྲོ་བཞིན་པ་རེད། སྟབས་ཉེས་པ་ཞིག་ལ་རྒྱལ་གཅེས་དཔའ་བོ་མིག་དམར་ལགས་ད་བར་ཁབ་ས་འོག་ཏུ་ཤོར་བ་བཞིན་གསར་འགོད་པ་དང་ཚོགས་སྡེ་ཁག་སུ་གང་མཐོང་མི་འདུག་ལ་ཆབ་སྲིད་ཀྱི་ཚོགས་སྡེ་ཆེ་ཤོས་གཞོན་ལྷན་གྱིས་ཀྱང་མཐོང་མི་འདུག མ་གཞི་ཁོང་ཚང་ནི་ཐུགས་ཁག་གཏན་ནས་མེད། གང་ཡིན་ཟེར་ན་ཨ་རིར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གསུམ་ལ་གཟིགས་རྟོགས་དང་ཁྱབ་སྒྲགས་གནང་དགོས་ཙམ་ཡིན་ཤེད་ཆེ། སྐྱིད་སྡུག་དང་གཞུང་འབྲེལ་མིན་པའི་ཚོགས་པ་དེ་དག་གིས་མིག་དམར་མི་མཐོང་བའི་རྒྱུ་མཚན་ཅི་ཡིན་ནམ། ཡང་ན་མིག་དམར་གྱི་ལག་ཏུ་ལག་འཁྱེར་ཁ་པར་བསྣམས་རྒྱུ་མེད་པ་ཡིན་ནམ། རྒྱལ་གཅེས་པ་དེ་དག་གིས་བོད་མི་ས་ཡ་དྲུག་གི་ཆེད་ལས་འགུལ་སྤེལ་ཐུབ་ན་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་གནང་སྟངས་ལ་ཕྱོགས་སུ་མ་ལྷོང་བ་ཞིག་དགོས་པ་དེ་ཡང་གལ་ཆེ་མཐོང། དབྱངས་ཅན་རོལ་པའི་འོ་མཚོས།
———
Back