བཀའ་ཁྲི་འཚོལ་རོགས་
12/09/2009 12:55
མི་མང་ལ་བཀའ་ཁྲི་འཚོལ་རོགས་བྱ་རྒྱུ་ཡིན།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་འཚོལ་
ཕྱོགས་སྐོར་ལ་ལས་འགུལ་ཞིག་སྤེལ་རྩིས་ཡོད་ཅིང་། དེའི་ཐད་བོད་ཀྱི་དུས་བབ་གསར་ཁང་གིས་ལྟེ་གནས་ཁང་
འདིའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ལ་ལས་འགུལ་དེའི་སྐོར་བཀའ་འདྲི་ཞུས་པ་གཤམ་དུ་བཀོད་
ཡོད།
དྲི་བ། མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་ངོས་ནས་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་སྐོར་ལ་ལས་འགུལ་ཞིག་
སྤེལ་འཆར་ཡོད་པ་དེ་ངོ་སྤྲོད་ཅིག་གནང་རོགས།
དྲིས་ལན། ༢༠༡༡ ལོར་བཙན་བྱོལ་བོད་མིའི་དམངས་གཙོའི་ནང་། མི་མང་གིས་ཁེ་དབང་ལོངས་སུ་སྤྱོད་པའི་དུས་
ཚོད་གལ་ཆེན་ཞིག་ཆགས་ཡོད་པ་རེད། གནད་དོན་དེ་ང་ཚོ་ཚང་མས་མཁྱེན་གསལ་ལྟར། མི་མང་རང་གིས་འདོད་
པའི་མི་ཞིག་བཀའ་བློན་ཁྲི་པར་གདམ་ཆོག་པའི་དུས་ཚོད་ཅིག་ཡོང་གི་ཡོད་སྟབས། ང་ཚོས་ལས་འགུལ་འདི་བརྒྱུད་
ནས་མི་མང་གི་གོ་རྟོགས་སྤེལ་བ་གཅིག་དང་། ལྷག་པར་དུ་མི་མང་གིས་འོས་འཕེན་སའི་མི་དེ་མི་མང་དང་ངོ་འཕྲོད་
པ་ཞིག་བཟོ་དགོས་པ་གལ་ཆེན་པོར་བརྩིས་ཡོད། ལས་འགུལ་འདི ༢༠༠༩ ལོའི་ལོ་མཇུག་ནས་མགོ་བརྩམས་ཏེ། ༢༠༡༠
ལོའི་ནང་ཤུགས་ཆེན་པོ་སྤེལ་རྒྱུའི་འཆར་གཞི་ཡོད། ད་རེབ་ང་ཚོས་ལས་འགུལ་འདི་ཆ་ཤས་གཉིས་སུ་བགོས་ཡོད། དང་
པོ་གང་ཡིན་ཟེར་ན། དྲ་རྒྱའི་བརྒྱུད་ལམ་དང་འབྲེལ་བ་མེད་པའི་མི་མང་ནང་ལས་འགུལ་སྤེལ་རྒྱུ་དེ་ཡིན། སྤྱིར་བཏང་
ད་སྐབས་དྲ་རྒྱའི་བརྒྱུད་ལམ་དག་ན་བཀའ་བློན་ཁྲི་པའི་འོས་གཞིའི་ཐོག་ལ་མང་བོ་ཞིག་གླེང་གི་ཡོད་པ་རེད། ཡིན་
ནའང་། དྲ་རྒྱའི་བརྒྱུད་ལམ་འདིས་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཁྱབ་ཟིན་འདུག་གི་ཆ་ཤས་ནས་བཤད་ན་ཧ་ཅང་
ཉུང་ཉུང་རེད། དེའང་གཞོན་སྐྱེས་ཚོ་དང་ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་གཉེར་བ་དག་གིས་མ་གཏོགས་ཤེས་
ཀྱིན་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། རྒྱ་གར་ནང་བོད་མི་མང་ཤོས་དེ་གང་དུ་ཡོད་པ་རེད་ཟེར་ན།
དྲ་རྒྱའི་བརྒྱུད་ལམ་མེད་ས་དང་། ཡང་ན་དྲ་རྒྱ་སྤྱོད་ཀྱིན་མེད་པའི་གཞིས་ཆགས་ཁག་ན་ཡོད་སྟབས། ད་རེབ་ང་ཚོ་
དངོས་སུ་མི་མང་གི་མདུན་དུ་སོང་ནས། བོད་པ་མང་བོ་གནས་སའི་ས་ཁུལ་ཁག་ཏུ་ཆས་ནས་གོ་རྟོགས་སྤེལ་བ་དེ་
གལ་ཆེན་པོར་བརྩི་བཞིན་ཡོད། མི་མང་གི་ནང་སོང་ནས་མི་མང་གིས་བཀའ་ཁྲི་འོས་བསྡུའི་སྐོར་ལ་ཤེས་དགོས་
པ་ག་རེ་ཡོད་མེད་ཀྱི་སྐོར་ལ་གསལ་བཤད་དང་གོ་རྟོགས་སྤེལ་རྒྱུ་ཡིན། དཔེར་ན། མི་མང་གིས་དེབ་སྐྱེལ་བྱེད་སྟངས་
དང་། དེབ་སྐྱེལ་བྱས་ཡོད་མེད། དེབ་སྐྱེལ་བྱས་ཚར་བའི་རྗེས་ལ་ཐོབ་ཐང་ག་རེ་ཡོད་མེད། འདིའི་སྐོར་ལ་གསལ་
བཤད་དང་གོ་རྟོགས་སྤེལ་བ་དེ་གལ་ཆེན་པོར་བརྩིས་ཡོད། དཔེར་ན། ལོ་སྔོན་མ་ཡིན་ན། དེབ་སྐྱེལ་བྱས་ཡོད་ན་འང་།
འོས་བསྡུའི་ཆ་ཤས་ལེན་མ་ཐུབ་པའི་དཀའ་ངལ། དེབ་སྐྱེལ་བྱས་ཡོད་པ་དེ་འགྲིག་ཡོད་མེད་ཀྱི་དཀའ་ངལ་སོགས་
མང་བོ་ཞིག་འཕྲད་པ་རེད། སྤྱིར་བཏང་དཀའ་ངལ་དེ་དག་གནད་དོན་ཆུང་ཆུང་ཡིན་ན་འང་། དུས་ཚོད་འདི་འདྲ་
ལ་གལ་ཆེན་པོ་ཆགས་ཡོད་པ་རེད། སྔོན་མ་དཀའ་ངལ་དེ་དག་སེལ་མ་ཐུབ་པར་འོས་བསྡུའི་ཆ་ཤས་ལེན་མ་ཐུབ་
པའི་མི་མང་བོ་ཡོད་པ་རེད། དེ་འདྲ་སོང་ཙང་ང་ཚོའི་དམིགས་ཡུལ་ཡིན་ན། མ་འོངས་པའི་བཀའ་ཁྲི་འོས་བསྡུ་
སྐབས་མི་མང་གང་མང་མང་ཕེབས་ཐུབ་པ་དང་། མི་མང་གི་ངོས་ནས་ཀྱང་སྒྲིག་གཞི་དང་གོ་རིམ་སོགས་ཤེས་པའི་
ཐོག་ནས་འོས་བསྡུ་བྱ་ཐུབ་པ་ཡིན་ན། མ་འོངས་པའི་བཀའ་ཁྲི་ལ་འོས་བླུགས་དུས་དཀའ་ངལ་ཡོད་ཀྱི་མ་རེད་བསམ་
ཡོད། འདི་ང་ཚོའི་ལས་འཆར་དང་པོ་ཡིན། ལས་འཆར་གཉིས་པ་གང་ཡིན་ཟེར་ན། ༢༠༡༠ ལོའི་ལོ་མཇུག་ལ་བཀའ་
ཁྲི་འོས་བསྡུ་ལ་ཐག་ཉེ་རུ་འགྲོ་བཞིན་ཡོད་སྟབས། བཀའ་བློན་ཁྲི་པའི་འོས་གཞིའི་ནང་གདམ་ཐོན་བྱུང་བའི་མི་སྣ་
དག་གི་ལོ་རྒྱུས་དང་ཁོང་རྣམ་པ་མ་འོངས་པའི་བཀའ་ཁྲིར་ཆགས་པ་ཡིན་ན། ལས་འཆར་ག་རེ་ཡོད་མེད། ལངས་
ཕྱོགས་ག་རེ་ཡིན་མིན། དམིགས་ཡུལ་ག་རེ་ཡོད་མེད། དེ་ཚོ་བསྡུ་ལེན་བྱས་ནས་མི་མང་གིས་བཀའ་ཁྲི་གདམ་འདོད་
ཡོད་པའི་མི་སྣ་དེའི་ལངས་ཕྱོགས་དང་དམིགས་ཡུལ་སོགས་མི་མང་གིས་ཤེས་པའི་ཐོག་ནས་བཀའ་ཁྲིར་གདམ་རྒྱུ་
དང་། བཀའ་ཁྲིར་འོས་གཞིར་ཐོན་པའི་མི་སྣ་དེ་དག་གཞིས་ཆགས་ཀྱི་ས་ཁུལ་ཁག་ཏུ་གདན་འདྲེན་ཞུས་ནས་གཏམ་
བཤད་དང་། བགྲོ་གླེང་གནང་རྒྱུའི་ལས་འཆར་ཞིག་ཡོད། བགྲོ་གླེང་གི་ལམ་ནས་མི་མང་གིས་རང་རང་གིས་འདོད་
པའི་བཀའ་ཁྲི་དེའི་ལྟ་བ་དང་ལངས་ཕྱོགས་གསལ་བོ་ཤེས་པའི་ཐོག་ནས་འོས་བླུགས་ཐུབ་པ་ཡིན་ན། ཏན་ཏན་མི་
མང་གི་སྐུ་ཚབ་ཅིག་བཀའ་བློན་ཁྲི་བར་ལངས་ཐུབ་པའི་གདེང་ཚོད་དང་སྤོབས་པ་ཡོད།
དྲི་བ། དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་འདིས་མ་འོངས་པའི་བཀའ་བློན་ཁྲི་པ་གལ་ཆེ་ལུགས་ཀྱི་ཐོག་ནས་
ཚད་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།
དྲིས་ལན། སྤྱིར་བཏང་ང་ཚོའི་ལས་ཁུངས་འདི་མང་གཙོ་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལས་དོན་
སྒྲུབ་སའི་ལྟེ་གནས་ཤིག་ཡིན་སྟབས། བཀའ་བློན་ཁྲི་བའི་འོས་བསྡུ་འདིའང་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པ་
ཞིག་ལ་མཐོང་གི་ཡོད། ང་ཚོའི་ཚོགས་པ་འདི་ཆབ་སྲིད་ཚོགས་པ་དེ་འདྲ་མ་རེད་ལ། མི་མང་ནང་སོང་ནས་བཀའ་
ཁྲིར་འོས་གཞིར་གང་ཟག་སྒེར་ཞིག་གི་མིང་ཐོ་དྲིལ་བསྒྲགས་བྱ་རྒྱུ་དེ་འདྲ་མ་རེད། ང་ཚོས་མི་མང་གིས་འདོད་པའི་
བཀའ་བློན་ཁྲི་པ་དེ་ལངས་ཐུབ་པར་མི་མང་ལ་རོགས་རམ་ཟེར་ན་མི་འདུག དེའི་ཆ་ཤས་ལེན་ཐབས་ཀྱི་ཐབས་
ལམ་དེ་ཚོ་ངོ་སྤྲོད་དང་མི་མང་གིས་འདོད་པའི་བཀའ་ཁྲི་དེ་ལངས་ཐུབ་པའི་ཆེད་དུ་ལས་འགུལ་འདི་སྤེལ་རྒྱུ་ཡིན།
ང་ཚོའི་ངོས་ནས་བཀའ་བློན་ཁྲི་པ་དེ་གལ་ཆེ་ལུགས་ཀྱི་ཐོག་ནས་ཚད་འདི་འདྲ་ཞིག་ཡིན་ཟེར་ནས་བཤད་ཐུབ་པ་
ཡོད་མ་རེད། གང་ལྟར་མི་མང་གིས་འདོད་བཞིན་པའི་བཀའ་ཁྲིའམ་མི་མང་གི་སྐུ་ཚབ་ངོ་མ་ཞིག་བཀའ་བློན་ཁྲི་
བར་ལངས་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་སྟབས། མི་མང་ནང་དེའི་གོ་རྟོགས་སྤེལ་བ་གཅིག་པོ་ཡིན།
དྲི་བ། མི་མང་ནང་ད་ལྟའི་བཀའ་བློན་ཁྲི་པ་རང་འཇགས་བཞག་ནས་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་ལུགས་
ཀྱི་སྐད་ཆ་ཞིག་བྱུང་གི་ཡོད་པ་རེད། དེའི་སྐོར་ནས་དགོངས་ཚུལ་གང་འདྲ་ཡོད་དམ།
དྲིས་ལན། གནས་ཚུལ་དེ་འདྲ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པ་རེད། ཡིན་ནའང་། དེའང་མི་མང་གི་
འདོད་པ་རེད། གལ་སྲིད་དེ་འདྲ་ཆགས་པ་ཡིན་ན། ཁྲིམས་ལ་བསྒྱུར་བཅོས་གཏོང་མི་གཏོང་དེ། ཁྲིམས་བཟོ་ལྷན་
ཚོགས་ཀྱི་ངོས་ནས་བཟོ་དགོས་པ་ཞིག་རེད། ང་ཚོ་དེར་འབྲེལ་བ་གང་ཡང་ཡོད་མ་རེད། མི་མང་གིས་གང་འདོད་
པ་དེ་ང་ཚོས་གཙིགས་ཆེན་དུ་བརྩི་གི་ཡོད་པ་རེད། དེ་འདྲ་སོང་ཙང་། མི་མང་གིས་ཐག་གཅོད་བྱ་རྒྱུ་རེད་མ་ གཏོགས ། ང་ཚོའི་ངོས་ནས་རེད་དང་མ་རེད་ཀྱི་སྐད་ཆ་གང་ཡང་མེད།
དྲི་བ། སྔོན་མ་ཡིན་ན། བཀའ་ཁྲིའི་འོས་བསྡུའི་ཐད་ནས་མི་རབས་རྒན་གཞོན་གཉིས་ཀྱི་ནང་གཞོན་སྐྱེས་ཚོར་དོ་སྣང་
དེ་ཙམ་མེད་པའི་སྣང་ཚུལ་བྱུང་ཡོད་པ་རེད། ད་རེབ་ཁྱེད་ཚོས་འདིའི་ཐད་གྲ་སྒྲིག་འདྲ་གནང་རྩིས་ཡོད་དམ།
དྲིས་ལན། ཏག་ཏག་ང་ཚོས་མི་རབས་གཞོན་པ་ཚོའི་ནང་འདིའི་ཐད་གོ་རྟོགས་དང་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་
ཆགས་འདུག ཡིན་ནའང་། གཞོན་སྐྱེས་མང་བོ་ཞིག་མཐོ་རིམ་སློབ་གྲྭ་ཁག་ན་ཡོད་སྟབས། ལས་འགུལ་སྤེལ་བར་སྟབས་
མ་བདེ་བའི་གནས་སྟངས་ཤིག་ཀྱང་ཡོང་གི་ཡོད་པ་རེད། འོན་ཀྱང་། གཞོན་སྐྱེས་ཚོ་ང་ཚོས་རེ་བ་རྒྱག་ས་གཙོ་བོ་ཆགས་
ཡོད་སྟབས། མ་འོངས་པར་ང་ཚོའི་ངོས་ནས་གཞོན་སྐྱེས་ཚོའི་ནང་འདིའི་ཐད་དོ་སྣང་སྤྲོད་ཐབས་ལ་ལས་འགུལ་ཞིག་
སྤེལ་ཐུབ་ན་བསམ་ཡོད།
དྲི་བ། སྤྱི་ཚོགས་ནང་བཀའ་བློན་ཁྲི་བར་བུད་མེད་ཅིག་དང་། ཡང་ན་གཞོན་སྐྱེས་ཤིག་ཡོང་དགོས་རབས་ཀྱི་བསམ
ཚུལ་ཡོང་གི་ཡོད་པ་རེད། དེའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།
དྲིས་ལན། མ་འོངས་པའི་བཀའ་བློན་ཁྲི་བར་སྐྱ་བོ་དང་སེར་མོ། སྐྱེས་པ་དང་བུད་མེད་སོགས་ཀྱི་ཐད་ལ་ཁྱད་པར་
གང་ཡང་མེད། གཙོ་བོ་མི་ཤེས་འཇོན་གཉིས་ལྡན་དང་མི་མང་ལ་བསམ་ཤེས་བྱེད་ཐུབ་མཁན། མི་མང་གི་འཚོ་བར་
ཟབ་ཞུགས་བྱས་ནས་དཀའ་ངལ་གདོང་ལེན་བྱེད་ཐུབ་མཁན་ཞིག་བྱུང་ན་བསམ་ཡོད། སྤྱིར་བཏང་ང་ཚོས་ད་རེབ་
ལས་འགུལ་སྤེལ་བ་འདིའང་མ་འོངས་པའི་བཀའ་བློན་ཁྲི་པར་སྐྱ་སེར་དང་ཕོ་མོ་ལ་དབྱེ་བ་མེད་པར། གང་ལྟར་མི་
མང་གི་སྐུ་ཚབ་ཐུབ་མཁན་ཞིག་ལངས་ཐུབ་པར་མི་མང་ནང་གོ་རྟོགས་སྤེལ་བ་གཅིག་པོ་ཡིན། ང་ཚོས་མི་མང་ལ་
གང་གསལ་བཤད་གནང་གི་ཡོད་པ་རེད་ཟེར་ན། གཞན་གྱི་དབང་དུ་འགྲོ་རྒྱུ་ཡོད་པ་མ་རེད། གཙོ་བོ་རང་རང་གིས་
གང་འདོད་པ་དེ་གདམ་དགོས་པ་རེད་ཟེར་ནས་གསལ་བཤད་དང་རོགས་རམ་གནང་གི་ཡོད། མ་འོངས་པའི་བཀའ་
བློན་ཁྲི་པར་མི་མང་རང་གི་སྐུ་ཚབ་མཚོན་པའི་མི་ཞིག་གདམ་དགོས་པ་དང་། དེར་གདམ་ཐབས་སུ་མི་མང་ལ་དཀའ་
ངལ་ག་རེ་ཡོད་ན་དེ་སེལ་ཐབས་སོགས་ཀྱི་ཐད་ནས་ལས་འགུལ་སྤེལ་གྱིན་ཡོད་།
དྲི་བ། ནུབ་ཕྱོགས་ཀྱི་མང་གཙོ་ལུང་པ་དག་ཡིན་ན། སྲིད་འཛིན་གདམ་དུས་ཆབ་སྲིད་ཚོགས་པ་དང་། ཁ་གཏད་དུ་
ལངས་པའི་སྲོལ་ཡོད་པ་རེད། ང་ཚོར་དེ་འདྲ་མེད་སྟབས། དེའི་ཕྱོགས་ནས་དཀའ་ངལ་འདྲ་མཐོང་གི་ཡོད་དམ།
དྲིས་ལན། མང་གཙོ་དར་བའི་ལུང་པ་མང་བོ་ཞིག་ལ་ཁྱེད་ཀྱིས་བཤད་པ་ནང་བཞིན་སྲིད་འཛིན་གདམ་དུས་ཚོགས་
པ་འདྲ་མིན་ཁ་གཏད་དུ་ལངས་མཁན་ཡོད་པ་རེད། ང་ཚོར་དེ་འདྲ་མེད་སྟབས། གང་ཟག་སྒེར་ཞིག་ལངས་འདོད་
ཀྱང་དེའི་ཤེས་འཇོན་དང་། དམིགས་ཡུལ་ལས་འཆར་སོགས་མི་མང་ལ་གསལ་བཤད་བྱེད་མཁན་ཡོད་པ་མ་རེད།
དེའི་ཕྱོགས་ནས་དཀའ་ངལ་ཞིག་ཏན་ཏན་ཡོད་པ་རེད། ཡིན་ནའང་། ཕྱོགས་གཞན་ནས་བལྟས་ན། ཁ་གཏད་དུ་
ལངས་པའི་ཚོགས་སྡེ་དེ་དག་ལའང་ཞན་ཆ་ཡོད་པ་རེད། ཁོང་ཚོས་ཚོགས་པ་དེའི་རྐུབ་སྟེགས་དང་ཚོགས་པ་དེའི་
ཁེ་ཕན་མ་གཏོགས་མི་མང་གི་ཁེ་ཕན་ལ་ལྟ་ཐུབ་ཀྱིན་ཡོད་པ་མ་རེད། དེ་འདྲ་སོང་ཙང་། མི་མང་གི་སྐུ་ཚབ་ངོ་མ་
ཞིག་ལངས་ཐུབ་ཀྱིན་མེད་པའི་སྣང་བའང་བྱུང་། ང་ཚོ་དེ་འདྲ་མ་རེད། ད་རེབ་མི་མང་གིས་འདོད་བཞིན་པའི་
གང་ཟག་དེ་བཀའ་བློན་ཁྲི་པར་ལངས་ཐུབ་ན་མང་གཙོ་ངོ་མ་རེད་བསམ་ཡོད། དེ་འདྲ་སོང་ཙང་། ང་ཚོའི་ངོས་
ནས་ཀྱང་དེར་ཤུགས་རྒྱག་གི་ཡོད།
———
Back