བགོ་བཤའ་རྒྱག་རྒྱུ་ཡིན །

17/12/2008 11:45

 

སྤྱི་འཐུས་རྣམས་ས་གནས་ཁག་ལ་བགོ་བཤའ་རྒྱག་རྒྱུ་ཡིན །

འདོན་སྤེལ། ༢༠༠༨/༡༢/༡༦

ང་ཚོའི་ངོས་ནས་ལྷག་བསམ་རྣམ་དག་གིས་རྒྱ་ནག་ལ་སྙན་ཐོ་ཞིག་ཕུལ་ཏེ། ༧གོང་ས་མཆོག་གི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་པར་དགོས་འདུན་གང་ཡོད་སྐུ་ཚབ་ཐེངས་བརྒྱད་པའི་སྐབས་གསལ་བོ་བཟོས་ཡོད། འོན་ཀྱང༌། དེ་ལ་རྒྱ་ཕྱོགས་ནས་སྐད་ཆ་བཤད་རྒྱུར་འདོད་པ་མེད་སྟབས། རྒྱ་ནག་དཔོན་རིགས་ཚོར་བོད་པར་ཐོབ་ཐང་དེ་འདྲ་ཞིག་སྤྲོད་རྒྱུའི་ངེས་ཤེས་ཟབ་མོ་ཞིག་མ་སྐྱེས་བར་ང་ཚོས་ཨུ་ཚུགས་རྒྱག་ས་ཡོད་པ་མ་རེད། རྒྱ་ནག་གི་རྣམ་འགྱུར་བཟང་ཕྱོགས་ལ་འགྱུར་བ་འགྲོ་མིན་ལ་ངང་སྒུག་བྱ་དགོས། འོན་ཀྱང༌། ངང་སྒུག་བྱས་བསྡད་པ་ཙམ་གྱིས་འགྲིག་གིན་མེད། རྒྱུ་མཚན་ལྡན་པ་དང་རྒྱུན་འཁྱོངས་ཡོང་བའི་ཐོག་ནས་ཕར་ཞུས་པ་དེ་ལ་ཡ་ལན་མི་སྤྲོད་ཐབས་མེད་ཀྱི་ཐབས་ཇུས་མང་པོ་འཆར་འགོད་བྱ་དགོསཟེར།

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་འོས་འདེམས་སྐབས། སྤྱི་འཐུས་ཀརྨ་ཆོས་འཕེལ་དང་སྤྱི་འཐུས་སྤེན་པ་ཚེ་རིང་གཉིས་ལ་འོས་ཤོག་འདྲ་མཉམ་ཐོབ་སྟེ། ལོ་གཉིས་དང་ཕྱེད་ཀ་རེར་སྤྱི་འཐུས་ཚོགས་གཙོའི་ལས་འགན་བཞེས་རྒྱུ་ཐག་གཅོད་བྱུང་བ་བཞིན། ད་ལོའི་སྤྱི་ཟླ་ ༡༢ ཚེས་ ནས་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་གྱི་དུས་ཡུན་རྫོགས་ཡོད་ཀྱང༌། ༧གོང་ས་མཆོག་ངྷ་སར་བཞུགས་མེད་སྟབས། ཚོགས་གཙོ་གསར་བས་དམ་འབུལ་ཞུ་མ་ཐུབ་པར་ཉིན་ ༡༥ རིང༌། ཚོགས་གཙོའི་ལས་ཚབ་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གནང་ཡོད། དེ་རིང་ཞོགས་པའི་ཆུ་ཚོད་ ༩ ཐོག་སྤྱི་འཐུས་སྤེན་པ་ཚེ་རིང་གིས་བཞུགས་སྒར་ཕོ་བྲང་དུ་བཅར་ཏེ། ༧གོང་ས་མཆོག་གི་མདུན་ནས་དམ་འབུལ་ཞུས་ཏེ། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ལས་འགན་བཞེས་ཡོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠དང་ཕྱེད་ཀའི་སྟེང་འདི་གའི་གསར་འགོད་པ་ཆེད་དུ་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་བཅར་ཏེ། ཚོགས་གཙོ་གསར་བ་སྤེན་པ་ཚེ་རིང་ལགས་སུ་ཚོགས་གཙོར་གསར་དུ་བཞུགས་པའི་མྱོང་ཚོར་དང༌། མ་འོངས་ལས་དོན་བྱེད་ཕྱོགས་ཐད་དགོངས་འཆར་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་དོན་དང་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བའི་ལས་དོན། དེ་བཞིན་གྲོས་ཚོགས་ནང་གི་ལས་དོན་དང་གྲོས་ཚོགས་ཕྱི་ལས་དོན་གང་ཞིག་ཡིན་རུང༌། ཕྱོགས་སུ་མ་ལྷུང་པར་བློ་གཟུ་བོར་གནས་རྒྱུ་གལ་ཆེན་རེད་དྲན་ཡོད། གལ་སྲིད་ཕྱོགས་སུ་ལྷུང་བ་ཡིན་ན། ཚོགས་གཙོའི་རྐུབ་སྟེགས་སྟེང་བསྡད་པ་ཆེད་དུ་སྒྲིག་འཛུགས་ལ་གནོད་བསྐྱལ་བ་རེད། དེའི་ཐད་དམ་བཅའ་བརྟན་པོ་ཡོད། སྔོན་མའི་ཚོའི་ལམ་སྲོལ་ལྟར་ན། ལས་དོན་གང་ཡིན་ཚོགས་གཙོས་ཐག་གིས་བཅད་དེ་ལག་ལེན་བསྟར་སྲོལ་ཡོད་པ་མ་རེད། ཚོགས་གཙོ་གཞོན་གཉིས་ཀྱི་བསམ་ཚུལ་མཐུན་དགོས། དེ་ནས་རྒྱུན་ལས་ལ་སྙན་གསེང་ཞུས་ཏེ། རྒྱུན་ལས་ནང་ཁུལ་ནས་སྤྱི་མོས་མང་མོས་གང་བྱུང་བ་གཞིར་བཟུང་ཐོག་ཐག་གཅོད་བྱ་དགོས།སྔོན་མ་འཇོན་པའི་ནུས་པ་དང་ལས་དོན་གསར་བ་ཞིག་ངར་ཡོད་པ་མ་རེད་དེ། ད་ལོ་སྤྱི་ཟླ་ ༩ བའི་ནང་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་སྐབས་བསམ་ཚུལ་མང་པོ་ཐོན་ཡོད། སྐབས་བཅུ་གསུམ་པའི་གྲོས་ཆོད་བཞག་པ་ད་དུང་ལག་ལེན་འཁེལ་མ་ཐུབ་པའི་རིགས་ལག་བསྟར་རྒྱུ་བྱས་ཡོད། གནད་དོན་འདིའི་ཐོག་ནས་སྤྱི་འཐུས་ཀྱི་ལས་དོན་གང་འཚམ་འགྱུར་བ་འགྲོ་གི་རེད་དྲན་ཡོད། གྲོས་ཆོད་དེའི་ནང་ག་རེ་བཀོད་ཡོད་ཟེར་ན། སྤྱི་འཐུས་རྣམ་པ་ས་གནས་ལ་བགོ་བཤའ་བརྒྱབས་ཏེ། ལས་དོན་བྱ་དགོས་སྐོར་གསལ་ཡོད། སྤྱིར་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ནང་དྲི་བ་གཏོང་རྒྱུ་ཙམ་ལས་ཐད་ཀར་ཆབ་སྲིད་ཐོག་ལས་ཀ་དེ་ཙམ་མེད། འོན་ཀྱང༌། ཆབ་སྲིད་ཐོག་ཉམས་ཞིབ་བྱ་རྒྱུ་དང༌། ས་མཚམས་མ་བརྒལ་བའི་ཐོག་ནས་ལས་དོན་བྱེད་ཕྱོགས་ཀྱི་དགོངས་ཚུལ་གྲོས་ཚོགས་ལ་འཕུལ་རྒྱུ། གྲོས་ཚོགས་ལ་དགོངས་ཚུལ་གང་ཡོད་འཛིན་སྐྱོང་ལ་མཁྱེན་ཐུབ་པ་བཟོ་རྒྱུ་སོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་གི་རེད་དྲན་ཡོད།

དེ་མིན་ད་ལྟའི་ཆབ་སྲིད་ལས་དོན་གལ་ཆེ་ཤོས་དེ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བ་དེ་ཆགས་ཡོད། ལོ་རྗེས་མར་གྲ་སྒྲིག་ཞུ་དགོས་པ་རེད། དེའི་ཐད་ད་ལྟ་ནས་བང་སྒྲིག་སྟེ་ཤུགས་རྒྱག་དགོས་པ་ཆགས་ཡོད། ད་ལྟའི་གནས་བབས་ལ་གཞིགས་ཏེ་རྒྱལ་སྤྱིའི་ནང་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང༌། རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ལམ་འཚོལ་བ། ཕྱོགས་སྐྱོད་དུ་འགྲོ་བ། ཕྱི་རྒྱལ་ཁག་གི་དཔོན་རིགས་ལ་ཐུག་འཕྲད་སོགས་རྩ་བའི་བཀའ་ཤག་གིས་གནང་དགོས་ཀྱང༌། གྲོས་ཚོགས་ལ་འབྲེལ་བ་ཡོད་པ་དག་འཐུས་ཤོར་མ་སོང་བ་ཞིག་ཞུ་དགོས་པ་རེད། ཅེས་གསུངས་བྱུང༌།

ཡང་ཁོང་ལ་སྔོན་མ་གྲོས་ཚོགས་ནས་ས་གནས་མི་དམངས་དང་བོད་ནང་གི་གནས་སྟངས་དེ་ཙམ་མཁྱེན་ཐུབ་ཀྱིན་མེད་པ་དང༌། ཕྱི་རྒྱལ་གྱི་གཞུང་དང་གྲོས་ཚོགས་ཁག་ལ་འབྲེལ་བ་དེ་ཙམ་འཛུགས་ཐུབ་ཀྱིན་མེད་པའི་ལྟ་ཚུལ་ཡོད་སྟབས། སྐུ་ཉིད་ལ་དེའི་ཐད་ཡར་རྒྱས་གཏོང་ཕྱོགས་ཀྱི་དགོངས་གཞི་ཡོད་མེད་དྲིས་པར་ཁོང་གིས་གསུངས་དོན། དེའི་སྐོར་ལ་ངས་སྔོན་མ་ནས་ལབ་བསྡད་ཡོད། རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས། ལྷག་པར་དུ་བོད་ནང་གི་གནས་སྟངས་ལ་ཉམས་ཞིབ། བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་ཇུས་དང་བོད་ནང་གི་བོད་མིའི་བསམ་ཚུལ་དངོས་ལ་རྒྱུས་ལོན་བྱས་ཏེ་འཆར་འགོད་བྱ་དགོས་པ་རེད། སྤྱི་འཐུས་ཚོ་ས་ཁུལ་ལ་བགོ་བཤའ་རྒྱག་རྒྱུའི་གྲོས་ཆོད་དེ་གནད་འགག་རེད། ས་ཁུལ་ལ་བགོ་བཤའ་ཇི་ལྟར་རྒྱག་རྒྱུ་རྒྱུན་ལས་ནས་ཐག་གཅོད་དགོས། ང་རང་གི་བསམ་པར་དེ་ལག་བསྟར་བྱས་རྗེས། ལས་འགན་གཙོ་བོ་ཁ་ཤས་ཡོད་པ་རེད་དྲན་ཡོད། དང་པོ། ས་གནས་སུ་བགོ་བཤའ་བརྒྱབས་ཡོད་པའི་སྤྱི་འཐུས་དེའི་འགན་འཁུར་བའི་ཐོག་ནས་ས་གནས་མི་དམངས་ལ་ཆབ་སྲིད་གོ་རྟོགས་སྤེལ་རྒྱུ། གཉིས་པ། སྤྱི་ལོ་ ༢༠༡༠ ལོར་ང་ཚོའི་དམངས་གཙོ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འཁེལ་ཡོད། ས་གནས་འཐུས་མི་ཚོ་ཡིན་ན་འདྲ་ལ། བཅུ་དཔོན་བརྒྱ་དཔོན་ཡིན་ནའང་འདྲ། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཡིན་ན་འདྲ་ལ། རང་བཙན་ཚོགས་ཆུང་ཡིན་ནའང་འདྲ། འཛིན་སྐྱོང་ལ་སྟངས་འཛིན་ཇི་ལྟར་བྱ་དགོས་པ་དང༌། འཛིན་སྐྱོང་གིས་ས་གནས་འཐུས་མིའི་ཚོགས་འདུ་ལ་འགན་ཅི་ཙམ་འཁུར་དགོས་པ་སོགས་གཞི་རིམ་གྱི་དམངས་གཙོའི་འཕེལ་རིམ་ལ་ཤུགས་སྣོན་བྱ་དགོས། གསུམ་པ། ཉེ་ཆར་དམིགས་བསལ་ཚོགས་ཆེན་རྗེས་སུ་༧གོང་ས་མཆོག་གིས། ང་ཚོའི་འཐབ་རྩོད་རྒྱུན་རིང་གནས་དགོས་ན། གཞིས་ཆགས་ཁག་རྒྱུན་གནས་དང་སྲ་བརྟན་ཡོང་དགོས་གསུངས་པ་བཞིན། རྩ་བའི་རྐང་འགན་བཀའ་ཤག་གིས་བཞེས་ཀྱིན་ཡོད་ལ། ལོ་གསུམ་ཚན་གྱི་གཅིག་བསྡུས་ཡར་རྒྱས་འཆར་གཞི་བཟོ་བཞིན་ཡོད། ས་ཆའི་གནས་བབས་དང་མིའི་ཤེས་ཡོན་གྱི་གནས་སྟངས་མི་འདྲ་སྟབས། སྤྱི་འཐུས་ཚོས་ལས་དོན་བྱ་དགོས་པ་དང་ལམ་སྟོན་བྱ་དགོས་མང་པོ་ཡོད། བཞི་བ། གོང་ས་མཆོག་གིས་ཤེས་ཡོན་སྐོར་ལ་བཀའ་སློབ་ཤུགས་ཆེན་གནང་ཡོད། དེའི་ཐད་ས་གནས་སུ་བགོ་བཤའ་བྱས་པའི་སྤྱི་འཐུས་ཀྱིས་ས་གནས་དེ་གའི་ཤེས་ཡོན་གནས་སྟངས་ལ་གཞིགས་ཏེ། ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་ལས་འགུལ་སྤེལ་དགོས། ལྔ་བ། ད་ལྟའི་བར་སྤྱི་འཐུས་ལྷན་ཚོགས་ནས་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་ནན་ཏན་བྱས་ཏེ། འགྲིག་པ་དང་ནོར་བ་གང་ཡོད་ཐུགས་སྣང་ཆེན་པོ་གནང་གིན་ཡོད་ལ། མ་འོངས་པར་ཡང་ས་གནས་ཁག་ལ་ནང་སྲིད་ལྷན་ཁང་དང་ཤེས་རིག འཕྲོད་བསྟེན་སོགས་ཀྱི་ལས་འཆར་གང་ཐད། དངུལ་ག་ཚོད་འདུག དམིགས་ཡུལ་གང་ཡིན་སོགས་ཚགས་ཚུད་ཡོང་ཐབས་དང༌། ནོར་འཁྲུལ་སྔོན་འགོག་ལ་ས་གནས་འཐུས་ཚོགས་དང་མཉམ་རུབ་ཐོག་ཕྱག་ལས་གང་འཚམ་གནང་དགོས་པ་རེད་དྲན་ཡོད། དེ་ལྟར་བྱས་ན། མི་དམངས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་དང་མི་དམངས་བར་མིང་དོན་མཚུངས་པའི་ཟམ་པ་བྱ་ཐུབ་པ་དང༌། མི་དམངས་དང་མི་དམངས་ཀྱི་འཐུས་མིའི་བར་འབྲེལ་བ་དམ་ཟབ་བྱུང་ན། རང་བཞིན་གྱིས་དམངས་གཙོ་སྲ་བརྟན་ཡོང་གི་རེད།

ང་ཚོའི་ཆབ་སྲིད་ཀྱི་གནས་བབས་འདི་རྒྱལ་སྤྱིའི་སྟེང་ལ་ཤུགས་ཆེན་པོས་འགྲེལ་བཤད་རྒྱག་དགོས། འདས་པའི་ལོ་དྲུག་བདུན་ནང་རྒྱ་ནག་གིས་རྒྱལ་སྤྱིར་འབྲེལ་ལམ་དང་གནས་ཚུལ་འགྲེམས་སྤེལ་ཤུགས་ཆེན་བྱེད་ཀྱིན་འདུག ལོ་འགའི་སྔོན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་སུ་སྐྱོད་དེ་གྲོས་ཚོགས་ཚོགས་གཙོ་དང༌། ཆབ་སྲིད་ཚོགས་པ་འདྲ་མིན་གྱི་མགོ་ཁྲིད་ཚོར་མཇལ་རྒྱུ་བྱུང༌། སྐབས་དེར་ཁོང་ཚོས་ལོ་གཅིག་གི་ནང་དུ་རྒྱ་ནག་གི་སྐུ་ཚབ་ཐེངས་མང་ཡོང་སྟེ། བོད་དོན་ཐོག་བཤད་པའི་སྐད་ཆ་གཅིག་པ་རེད། ཁྱེད་ཚོས་ཀྱང་དངོས་ཡོད་གནས་ཚུལ་གང་ཡིན་མ་བཤད་ན། རྒྱ་ནག་གིས་རྫུན་མ་བཤད་པ་དེ་ཐེངས་བརྒྱ་ལ་བཤད་ན་བདེན་པ་ཆགས་རྒྱུར་ཉེན་ཁ་འདུག་ཟེར། གང་ཐུབ་ཀྱིས་ཆབ་སྲིད་སྐོར་འགྲེལ་བཤད་བྱ་རྒྱུ་གནད་འགག་ཆགས་འདུག དེ་དག་ལ་ལས་རིམ་བང་སྒྲིག་དགོས་པ་རེད་དྲན་ཡོད། དེ་བཞིན་ཉིན་འགའ་ཤས་རྗེས་སུ་རི་སོག་གྲོས་ཚོགས་འཐུས་མི་བཞི་འདིར་ཕེབས་རྒྱུ་རེད། སྔར་འབྲེལ་ལམ་ཡོད་སར་ཡར་རྒྱས་དང༌། མེད་སར་གསར་དུ་བསྐྲུན་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

ཡང་ཁོང་ལ་ཉེ་ཆར་བོད་རྒྱ་འབྲེལ་བའི་ཐད་ཐག་གཅོད་གསར་དུ་བྱས་ཡོད་སྟབས། ཚོགས་གཙོའི་ལས་རྒྱུན་རིང་སྐུ་ཉིད་ཀྱིས་བོད་རྒྱའི་གནད་དོན་ཐད། སྲིད་བྱུས་གང་འདྲ་འཛིན་འཆར་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། བོད་རྒྱ་འབྲེལ་མོལ་ཐོག་ལ་༧རྒྱལ་བ་རིན་པོ་ཆེ་ཡིས་ཐུགས་འགན་གཙོ་བོ་བཞེས་པའི་ཐོག་ནས་བཀའ་ཤག་གིས་འགན་བཞེས་ཡོད། ང་ཚོའི་ངོས་ནས་ལྷག་བསམ་རྣམ་དག་གིས་རྒྱ་ནག་ལ་སྙན་ཐོ་ཞིག་ཕུལ་ཡོད། ༧གོང་ས་མཆོག་གི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་པར་དགོས་འདུན་གང་ཡོད་སྐུ་ཚབ་ཐེངས་བརྒྱད་པའི་སྐབས་སུ་གསལ་བོ་བཟོས་ཡོད། འོན་ཀྱང༌། དེ་ལ་རྒྱ་ཕྱོགས་ནས་སྐད་ཆ་བཤད་རྒྱུར་འདོད་པ་མེད་སྟབས། རྒྱ་ནག་དཔོན་རིགས་ཚོར་བོད་པར་ཐོབ་ཐང་དེ་འདྲ་ཞིག་སྤྲོད་རྒྱུའི་ངེས་ཤེས་ཟབ་མོ་ཞིག་མ་སྐྱེས་བར་ང་ཚོས་ཨུ་ཚུགས་རྒྱག་ས་ཡོད་པ་མ་རེད། རྒྱ་ནག་གི་རྣམ་འགྱུར་བཟང་ཕྱོགས་ལ་འགྱུར་བ་འགྲོ་མིན་ལ་ངང་སྒུག་བྱ་དགོས། འོན་ཀྱང༌། ངང་སྒུག་བྱས་བསྡད་པ་ཙམ་གྱིས་འགྲིག་གིན་མེད། རྒྱུ་མཚན་ལྡན་པ་དང་རྒྱུན་འཁྱོངས་ཡོང་བའི་ཐོག་ནས་ཕར་ཞུས་པ་དེ་ལ་ཡ་ལན་མི་སྤྲོད་ཐབས་མེད་ཀྱི་ཐབས་ཇུས་མང་པོ་འཆར་འགོད་བྱ་དགོས། ཞེས་གསུངས་བྱུང༌།

ཡང་ཁོང་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་ཆོད་ཁག་འཛིན་སྐྱོང་བཀའ་ཤག་གིས་ལག་བསྟར་ཡོང་མིན་སོགས་བཀའ་སྤྱི་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ཐད་དགོངས་ཚུལ་གང་ཡོད་དྲིས་པའི་ལན་དུ་ཁོང་གིས། སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་ཡིས། གྲོས་ཚོགས་ཀྱིས་གྲོས་ཆོད་གང་བཞག་པ་ཆ་ཚང་བཀའ་ཤག་གིས་ལག་བསྟར་བྱ་དགོས་པའི་ཁྱབ་པ་མེད། ཅེས་སྔར་གསུངས་མ་མྱོང་བའི་བཀའ་མོལ་ཞིག་གནང་ཡོད། དེ་ལ་གྲོས་ཚོགས་དང་བཀའ་ཤག་གཉིས་ཀས་དགོངས་པ་བཞེས་དགོས། གྲོས་ཚོགས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིན་ན་འདྲ་ལ། སྒེར་གྱི་གྲོས་ཆོད་གྲོས་འཆར་ཡིན་ནའང་འདྲ། ལག་ལེན་འཁེལ་ཐུབ་པ་དང་ལག་ལེན་འཁེལ་རྒྱུར་ཁྲིམས་དང་མཐུན་པ་ཡོང་ཐུབ་ལ་སྔོན་ཆད་བསམ་བློ་བཏང་ཡོད་ལ། འབྱུང་འགྱུར་ཡང་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་འདྲའི་གྲོས་ཆོད་ལ་འཛིན་སྐྱོང་བཀའ་ཤག་གིས་ལག་ལེན་བསྟར་མི་ཐུབ་པའི་གནས་སྟངས་མེད། གྲོས་ཆོད་ཅིག་གི་ཐད་ནས་འཛིན་སྐྱོང་དང་གྲོས་ཚོགས་གཉིས་མ་མཐུན་པའི་སྣང་ཚུལ་ཕྲན་བུ་བྱུང་ཡོད་ཀྱང༌། སྤྱི་ཡོངས་ཀྱི་ཆ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཡིན་སྟབས། བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁུར་སྟངས་ཐད། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་ཡིས་འདས་པའི་ལོ་བདུན་དང་ཕྱེད་ཀའི་རིང་གནང་བ་དག མ་འོངས་པའི་དམངས་གཙོའི་འཕེལ་རིམ་ཁྲོད་མིག་དཔེར་ལྟ་འོས་པ་ཆགས་འདུག་དྲན་ཡོད། དེ་ཚོ་འདོད་རུང་མ་འདོད་རུང་ཁས་ལེན་དགོས་པ་རེད། ང་རང་གི་རེ་བར་འཛིན་སྐྱོང་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་དུས་ཐོག་ལ་ལག་བསྟར་ཡོང་བ་དང༌། བཀའ་བློན་ཁྲི་བ་མཆོག་གིས་མུ་མཐུད་གྲོས་ཚོགས་ལ་བརྩི་བཀུར་ཞུ་བ་དང་འགན་འཁུར་བ། རྩིས་རྒྱག་དགོས་པ་དང་དྲི་བར་ལན་རྒྱག་དགོས་པ་སོགས་ལ་འཐུས་ཚང་གནང་གི་རེད་སྙམ་ཡོད། གལ་སྲིད་མ་འགྲིག་པ་དང་མ་དག་པ་ཡོད་ན་སྤྱི་འཐུས་ལྷན་ཚོགས་ནས་སྐྱོན་དག་སེལ་བྱ་རྒྱུའི་ལས་འགན་ཡོད་ཀྱང༌། ད་ཆར་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ཆིག་སྒྲིལ་གྱི་རྣམ་འགྱུར་སྟོན་རྒྱུ་གལ་ཆེན་ཆགས་ཡོད་ལ། ང་ཚོས་བཀའ་ཤག་དང་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ་དུས་ཀྱི་དགོས་མཁོ་ཆགས་ཡོད། གྲོས་ཚོགས་སྐབས་བཅུ་གསུམ་པའི་མཇུག་ལ་བཀའ་བློན་ཁྲི་བས། ང་ཚོས་གྲོས་ཚོགས་དང་མཉམ་སྒྲིལ་ཡོང་རྒྱུར་རེ་བ་ཆེན་པོ་བརྒྱབས་ཀྱང༌། གྲོས་ཚོགས་ཀྱིས་ཁ་བཏད་ཚོགས་པའི་ལས་འགན་བཞེས་ཡོད་གསུངས་ཡོད། མ་འོངས་པར་དེ་འདྲ་མི་ཡོང་རྒྱུའི་རེ་བ་ཡོད། ཅེས་གསུངས་བྱུང༌།

མཇུག་མཐར། བོད་ནང་གི་བོད་མི་ཚོར་དམིགས་བསལ་གྱིས་གསུངས་རྒྱུ་ཡོད་མེད་དྲིས་པར་ཁོང་གིས། བོད་ནང་གི་བོད་མི་ཚོའི་ཕྱག་ལས་གནང་སྟངས་དེས། ང་ཚོར་སེམས་འགུལ་ཐེབས་སུ་བཅུག་ཡོད། ༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་བོད་ནང་གི་བོད་མི་ཡོད་དོ་ཅོག་གིས་བརྩི་བཀུར་ཆེན་པོ་ཞུ་བཞིན་འདུག ང་རང་ཚོགས་གཙོ་གསར་བ་ཞིག་གི་ངོས་ནས། ཁྱེད་རང་ཚོས་ད་ལྟའི་བར་སྙིང་སྟོབས་ལྡན་པའི་ཐོག་ནས་འབད་བརྩོན་ལྷོད་མེད་གནང་ཡོད། སོ་སོའི་ལུས་སྲོག་ལོངས་སྤྱོད་ཡོངས་བློས་གཏོང་བྱས་ཏེ་ཕྱག་ལས་གནང་ཡོད། མུ་མཐུད་དུ་ཕྱག་ལས་གང་ཞིག་གནང་ཡང་དགོངས་པ་རྒྱ་ཆེན་དང་གཏིང་ཟབ། ཕུགས་རྒྱང་རིང་པོ་བཞེས་རྒྱུ་གལ་ཆེན་པོ་རེད། མཚམས་རེར་ཕར་འགྲོ་སོང་ཕོན་ཆེན་བཏང་ཡང་གྲུབ་འབྲས་ཆུང་བའི་གནས་སྟངས་ཡོང་མི་སྲིད་པ་མ་རེད། ད་ལོའི་དོན་རྐྱེན་ཁྲོད་ཉམས་མྱོང་གང་འཚམ་རག་ཡོད། མ་འོངས་པར་ཡང་བོད་དོན་བདེན་མཐའ་མ་སེལ་བར། བཙན་བྱོལ་དུ་ཡོད་པ་ཚོ་༧རྒྱལ་བ་རིན་པོ་ཆེ་ཡི་འོད་སྣང་ཙམ་ལ་བརྟེན་ཡོད། འཐབ་རྩོད་ཀྱི་མ་རྩ་གཙོ་བོ་ཁྱེད་ཅག་ལ་ཐུག་ཡོད་སྟབས། མུ་མཐུད་དུ་འབད་བརྩོན་གནང་དགོས་པ་རེད། ཅེས་ཞུ་རྒྱུ་ཡིན་ཟེར།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།