བཙན་པོའི་ཕ་ས།
05/04/2009 10:19
བཙན་པོའི་ཕ་ས།
འདོན་སྤེལ། ༢༠༠༩/༠༤/༠༤ དུས་བབ།
ཉེ་ཆར་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ། རྨ་ཆེན་རྫོང་སྡོམ་ཁོག་ཞིང༌། དྭངས་ཆེན་སྡེ་བའི་གླུ་བ་དཔལ་ཆེན་སྐྱབས་ལགས་ལ། རྒྱ་གཞུང་གི་ཆབ་སྲིད་དོགས་གཞིའི་འོག སྔར་ལོའི་ཟླ་ ༤ ཚེས་ ༢༥ ཉིན་གྱི་མཚན་ནུབ་མགོ་ལོག་ཁུལ་ཐོག་ཏུ་ཁོང་གི་ལས་ཤག་ནང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང༌། སྐབས་དེར་ཁོའི་ལས་རོགས་རྨ་གླིང་གླུ་བ་ལྷུན་འགྲུབ་སོགས་མི་ ༣ ཙམ་འཛིན་བཟུང་བྱས་ཡོད་ཀྱང༌། རོགས་པ་གཞན་རྣམས་ལ་ནང་མི་ཚོས་དངུལ་སྤྲད་དེ་གློད་བཀྲོལ་ཐོབ་ཡོད་མོད། གླུ་བ་དཔལ་ཆེན་སྐྱབས་གློད་བཀྲོལ་བཏང་མེད་པ་མ་ཟད། འདས་པའི་ལོ་ངོ་གཅིག་འགོར་ལ་ཉེ་བའི་རིང་ས་གང་དུ་ཡོད་པ་དང་གནས་སྟངས་ཅི་འདྲ་ཆགས་ཡོད་ཤེས་རྟོགས་བྱུང་མི་འདུག ཐེངས་འདིར་གླུ་བ་དཔལ་ཆེན་སྐྱབས་རྒྱ་གཞུང་གིས་འཛིན་བཟུང་བྱས་དོན་ནི། གླུ་བ་དཔལ་ཆེན་སྐྱབས་ཀྱིས་གསར་འཛུགས་བྱས་པའི་རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པའི་དམིགས་ཡུལ་མི་བཟང་བ་དང༌། ཁོས་བླངས་པའི་གླུ་གཞས་དག་དུ་ཆབ་སྲིད་ཀྱི་གནད་དོན་ཡོད་པ། ལྷག་པར་དུ་སྔར་ལོའི་མགོ་ལོག་ས་ཁུལ་གྱི་ཞི་རྒོལ་སྐབས། བོད་ཀྱི་རྒྱལ་དར་དཔར་བཟོ་བྱེད་མཁན་ལ་འབྲེལ་བ་ཡོད་ཚུལ་སོགས་ཀྱི་ཉེས་འཛུགས་བྱས་ཡོད་འདུག
དཔལ་ཆེན་སྐྱབས་ཀྱིས་སྤྱི་ལོ་ ༢༠༠༥ ལོར་འགྲོ་སོང་སྒེར་ངོས་ནས་བཏང་སྟེ། མགོ་ལོག་ཁུལ་ཐོག་ཏུ་རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པ་ཟེར་བ་གསར་འཛུགས་བྱས་ཏེ། འབྲོག་པའི་རུ་ཁུལ་ཉུལ་ཏེ་སློབ་སྦྱོང་གི་གོ་སྐབས་མ་རག་པའི་བྱིས་པ་ཚོ་བསྡུ་སྐོང་གིས་སྦྲ་ནག་གི་འཛིན་གྲྭར་བརྟེན་ཏེ། བོད་ཡིག་དང་རྒྱ་ཡིག་སོགས་སློབ་ཁྲིད་བྱས་ཡོད་པ་དང༌། རིམ་གྱིས་ཕྱི་གླིང་བ་ཞིག་གི་རོགས་སྐྱོར་འོག དེང་དུས་ཀྱི་རས་གུར་སྟབས་བདེ་འགའ་ཉོས་ཏེ་འབྲོག་པའི་ཡིག་རྨོངས་སེལ་རྒྱུའི་ལས་གཞི་རྒྱ་ཆེ་རུ་བཏང་ཡོད། ད་དུང་ཚོགས་པ་དེས་འབྲོག་ཕྱོགས་ཀྱི་ཡིག་རྨོངས་སེལ་ཆེད་རྩོམ་ཡིག་གི་དེབ་འདྲ་མིན་དཔར་སྐྲུན་དང་འགྲེམས་སྤེལ། གཞན་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་སྲུང་སྐྱོབ་དང་དར་སྤེལ་ཆེད། གླུ་བ་གླུ་མ་སྐྱེད་སྲིང་དང་བརྙན་འཁོར་དང་འོད་སྡེར་དཔར་སྐྲུན་འགྲེམས་སོགས་བྱས་ཡོད།
གླུ་བ་དཔལ་ཆེན་སྐྱབས་སློབ་གྲྭར་འགྲོ་མྱོང་མེད་ཀྱང༌། རང་སྦྱོང་ལ་བརྟེན་ཏེ་བོད་ཡིག་དང་རྒྱ་ཡིག་གི་ཤེས་ཚད་གང་འཚམ་ཡོད་པ་མ་ཟད། བོད་ཡིག་བོད་སྐད་ལ་དུང་བ་ཟབ་ཅིང༌། བོད་མི་རིགས་ཀྱི་གནས་བབ་དང༌། ལྷག་པར་དུ་མགོ་ལོག་འབྲོག་ཁུལ་གྱི་རིག་གནས་སློབ་གསོའི་ལས་དོན་ཐད། འབད་འབུངས་ལྷོད་མེད་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད་འདུག ཁོང་གིས། སེམས་ཀྱི་གངས་རི་དང་སྐྱ་རེངས་འབོད་པའི་ཅོང་བརྡ་སོགས་སྔ་ཕྱིར་གླུ་དང་རྡུང་ལེན་གྱི་སྒྲ་ཐག་དང་བརྙན་འཁོར་ཁ་ཤས་འདོན་སྤེལ་བྱས་ཡོད་པ་དང༌། སྤྱི་ལོ་ ༢༠༠༤ ལོར་སྒེར་གྱི་གླུ་གཞས་ཆེད་སྒྲིག་བརྙན་འཁོར་ཐོག་མ། རིགས་ཞེན་སེམས་ཀྱི་འབོད་སྐུལ། ཞེས་པ་འགྲེམས་སྤེལ་བྱས་ཡོད། སྤྱི་ལོ་ ༢༠༠༧ ལོར་རྨ་གླིང་གླུ་བ་ལྷུན་འགྲུབ་དང་མཉམ་དུ་ཆེད་སྒྲིག་བརྙན་འཁོར། བཙན་པོའི་ཕ་ས། ཞེས་པ་འགྲེམས་སྤེལ་ཞུས་ཏེ། སྐར་མའི་འོག་གི་སྐྱོ་སྡུག ཅེས་པའི་གླུ་གཞས་དེར་ཆབ་སྲིད་ཀྱི་གནད་དོན་ཡོད་པར་སྙད་དེ། རྨ་གླིང་གླུ་བ་ལྷུན་འགྲུབ་འཛིན་བཟུང་བྱས་ཡོད་པ་དང༌། དཔལ་ཆེན་སྐྱབས་བྲོས་ཐར་གྱིས་ལོ་གཅིག་ལྷག་ལ་འཁྱམས་ཉུལ་གྱི་འཚོ་བ་རོལ་དགོས་བྱུང་ཡོད། གླུ་བ་དཔལ་ཆེན་སྐྱབས་འཛིན་བཟུང་བྱས་རྗེས། རྒྱ་གཞུང་གི་སུན་གཙེར་དང་ལྷག་པར་དུ་ཤེས་འཇོན་ལྷག་བསམ་ལྡན་པའི་ལས་ཀ་བྱེད་མཁན་མ་བྱུང་སྟབས། རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པ་ད་ཆར་ཉམས་ཆག་ཏུ་ཕྱིན་ཡོད་འདུག