བཙོན་འཇུག་ཁྲིམས་ཆད།

22/03/2012 12:49

 

བཙོན་འཇུག་ཁྲིམས་ཆད།

 

ཕྱི་ཚེས་ ༡༨ ཉིན་མགོ་ལོག་པདྨ་རྫོང་འབོ་སྤ་ཡུལ་ཚོའི་ཨ་ནག་རྡོར་རྒྱམ་ཕ་བུ་གཉིས་འཛིན་བཟུང་བྱས་ཡོད་འདུག

ངྷ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ཚེས་ ༡༨ ཉིན་མགོ་ལོག་པདྨ་རྫོང་འབོ་སྤ་ཡུལ་ཚོའི་ཨ་ནག་རྡོར་རྒྱམ་ཕ་བུ་གཉིས་རྒྱ་གཞུང་གིས་འཛིན་བཟུང་གིས་ཉིན་གཉིས་རིང་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ། ཕྱི་ཉིན་ཨ་ནག་རྡོར་རྒྱམ་ཕྱིར་མངགས་ཡོད་ཀྱང་། ཁོང་ཉེན་རྟོག་པ་དག་གིས་བཙོན་ཁང་གི་ཕྱིར་ཁྱེར་ཡོང་སྐབས་ཁོ་ཤི་མིན་གསོན་མིན་ཞིག་ཏུ་གྱུར་ཞིང་། མི་ངོ་མི་ཤེས་པར་མ་ཟད། ཁ་ཡང་གྲགས་ཐུབ་པ་བཟོས་ཡོད་ཅིང་། ཨ་ནག་རྡོར་རྒྱམ་གྱི་བུ་མུ་མཐུད་བཙོན་འཇུག་བྱས་ཡོད་པ་དང་།  འབྲེལ་ཡོད་ལས་བྱེད་ཅིག་གིས་བརྗོད་ན་ཁོ་ཡང་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཚབས་ཆེན་ཐེབས་ཏེ། ཁ་ཡང་གྲགས་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག  

ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་ན། མགོ་ལོག་པདྨ་རྫོང་ཡར་ཐང་ཡུལ་ཚོ་འམ་དབང་རོལ་ཚོ་བ་ནས་ཉེ་སྔོན་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་འཛིན་བཟུང་བྱས་པའི་བོད་མི་དྲུག་ལས་གཅིག་བཙོན་གྲོལ་བཏང་བ་དང་། དེ་ནས་གཞན་ལྔ་ལ་དུས་བཀག་བཙུན་འཇུག་གི་ཁྲིམས་ཆད་བཏང་འདུག་ཟེར།

ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་མགོ་ལོག་ཁུལ་མི་མང་ཁྲིམས་ཁང་ནས། མགོ་ལོག་པདྨ་རྫོང་ཡར་ཐང་ཡུལ་ཚོ་འམ་དབང་རོལ་ཚོ་བའི་རང་ལོ་ ༢༨ སོན་པ་ཚེ་བརྟན་ལགས་ལ་ལོ་ ༣ དང་། ཁོང་གི་གཅུང་པོ་རང་ལོ་ ༢༥ སོན་པ་དབང་དར་ལགས་ལོ་ ༢ ། རང་ལོ་ ༡༧ ལ་སོན་པ་པ་བླུས་ལོ་ ༡ ། རང་ལོ་ ༢༠ སོན་པ་དཔལ་རྒྱལ་ལ་ལོ་ ༡ དང་ཕྱེད། རང་ལོ་ ༢༦ སོན་པའི་དམ་ཚིག་ལ་ལོ་ ༢ བཅས་ཀྱི་ཁྲིམས་ཐག་བཅད་དེ། ད་སྐབས་མགོ་ལོག་ཁུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

གོང་འཁོད་ཚེ་བརྟན་སོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༤ ཉིན་མགོ་ལོག་པདྨ་རྫོང་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་སྐད་འབོད་བྱས་ཡོད་འདུག་ལ། སྐབས་དེར་རྫོང་ཉེན་རྟོག་པ་དང་། དམག་མི་ཕོན་ཆེན་འབྱོར་ནས་ཁོང་ཚོ་འཛིན་བཟུང་བྱས་ཡོད་པར་མ་ཟད། སྐབས་དེར་ཁོང་ཚོར་གཅར་རྡུང་ཚད་ལས་བརྒལ་བ་བཏང་བར་བརྟེན་ཉེ་འཁོར་གྱི་བོད་པ་དག་གི་སེམས་ཀྱིས་མ་བཟོད་པར་གྲྭ་བ་དེ་དག་ཉེན་རྟོག་པའི་ལག་ནས་འཕྲོག་རྩིས་བྱས་ཀྱང་ ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་བའི་དབང་གིས་འཕྲོག་ཐུབ་མེད་པ་མ་ཟད། མང་ཚོགས་ལ་རྡུང་རྡེག་ཚབས་ཆེན་ཐེབས་ཏེ་མི་མང་པོར་རྨས་སྐྱོན་ཕོག་གནས་ཚུལ་བྱུང་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།