བལ་ཡུལ་གྱི་རྩ་ཁྲིམས་
23/07/2009 22:05
བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་སྐོར།
༄༅། །བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་ཚོས་རྩ་ཁྲིམས་གསར་པ་དུས་ཐོག་ཏུ་ཟིན་བྲིས་བཀོད་རྒྱུའི་མོས་
མཐུན་བྱུང་འདུག
རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་སུ་སྦ་སེ་ནེམ་ལྦང་གིས་བལ་ཡུལ་གྱི་རྩ་ཁྲིམས་གསར་
བཟོའི་ལས་དོན་མདུན་སྐྱོད་ཆེད་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་གྱི་འགོ་འཁྲིད་བཀའ་འགུག་བྱས་
ཏེ་རྩ་ཁྲིམས་གསར་པ་གང་མགྱོགས་ཟིན་བྲིས་བཀོད་དགོས་པའི་ནན་སྐུལ་གྱི་བཀའ་གྲོས་གནང་ཡོད་པ་རེད།
ལྷན་ཚོགས་འདིའི་ཐོག་བལ་ཡུལ་གྱི་མནའ་འབྲེལ་གཞུང་འཛིན་ཚོགས་པ་མཀ་སེསི་ལེ་ནེན་གཡོན་ཐལ་ཆབ་སྲིད་
ཚོགས་པ་དང་བལ་ཡུལ་ཀོང་རེ་སི་སྲིད་དོན་ཚོགས་པ་དང་ཡང་ཕྱོགས་འགལ་མའོ་ཆབ་སྲིད་ཚོགས་པ་བཅས་ཀྱི་
འགོ་འཁྲིད་རྣམས་ནས་བལ་ཡུལ་ནང་ཞི་འགྲིག་གི་བརྒྱུད་རིམ་མུ་མཐུད་གནས་ཐབས་བྱ་རྒྱུའི་མོས་མཐུན་ཞུས་པ་
དང་ཆབས་ཅིག་དུས་ཡུན་ཟླ་བ་བཅུ་བཞི་ནང་ཚུད་རྩ་ཁྲིམས་གསར་པའི་ཟིན་བྲིས་བཀོད་རྒྱུའི་དུས་བཀག་གཏན་
འབེབས་བྱས་ཡོད་པ་རེད།
ཡང་ཆབ་སྲིད་ཚོགས་པའི་ཆེད་ཁག་གི་འགོ་འཁྲིད་ཀྱི་ལྷན་ཚོགས་འདིའི་ཐོག་མའོ་ལྟ་སྤྱོད་འཛིན་པའི་ཆབ་སྲིད་
ཚོགས་པའི་འགོ་འཁྲིད་དང་སྲིད་བློན་ཟུར་པ་པཱར་ཅན་རྡས་བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ལས་དོན་ཚོགས་
ཆུང་གི་ཚོགས་གཙོ་དེ་བཞིན་མའོ་ཆབ་སྲིད་ཚོགས་པའི་མཐོ་རིམ་མི་སྣ་སྦ་སྦུ་རམ་སྦ་ཏ་རའེ་བསྐོ་འདེམས་བྱ་རྒྱུའི་
རྒྱབ་བསྐྱོར་གྱི་འབོད་སྐུལ་བྱས་འདུག་ཀྱང་ཚོགས་པ་གཞན་ཚོས་མོས་མཐུན་བྱེད་མིན་སྐོར་གསལ་ཁ་གང་ཡང་
བཏོན་མིན་འདུག།
———
Back