བོད་མི་རིགས་ཀྱི་འགན་འཁྲི་

11/01/2009 15:58

 

བོད་མི་རིགས་ཀྱི་འགན་འཁྲི་རང་ལས་གཞན་གཅེས་ཡིན།

 

བོད་ཀྱི་དུས་བབ།
འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་གཞུང་ལ་སྤྲད་པའི། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ཞེས་པའི་ཡིག་ཆའི་སྐོར་ལ་བཙན་བྱོལ་བོད་པའི་སློབ་ཕྲུག་ཁག་ཅིག་གིས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་དྲི་བ་དྲིས་ལན་གནང་བ་གཤམ་གསལ་ལྟར་ཡིན།

དྲི་བ། རྒྱ་ནག་གི་སྲིད་འཛིན་ཏིན་ཞའོ་ཕེན་གྱིས་སྐུ་གཅེན་རྒྱལ་ལོ་དོན་འགྲུབ་ལ། རང་བཙན་མ་ཡིན་པའི་སྐད་ཆ་གང་བཤད་ཀྱང་འགྲིག་གི་རེད་ཟེར་བའི་སྐད་ཆ་དེ་རྒྱ་གཞུང་གིས་ངོས་ལེན་མེད་ཚུལ་བརྗོད་དོན་ཅི་ཡིན།
ལན། ཏིན་ཞའོ་ཕིན་དང་རྒྱལ་ལོ་དོན་འགྲུབ་གཉིས་ ༡༩༧༩ ལོར་བཀའ་བསྡུར་གནང་སྐབས། སྐད་ཆ་དེ་བཤད་སོང་ཞེས་རྒྱལ་ལོ་དོན་འགྲུབ་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུས་སོང་ལ། ཡིག་ཐོག་ལ་ཕུལ་བའི་ཚིག་ཐོའི་ནང་དུའང་ཡོད། ཏིན་ཞའོ་ཕིན་གྱི་དྲུང་ཡིག་ལས་ཁུངས་ཀྱི་རྒྱ་ཡིག་གི་ཚིག་ཐོ་ཞིག་གི་ནང༌། རྒྱལ་ཁབ་གཉིས་བར་སྐད་ཆ་བཤད་ཀྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ན། སྐད་ཆ་གང་ཡང་བཤད་རྒྱུ་ཡོད་པ་མ་རེད། རྒྱལ་ཁབ་གཅིག་གི་ནང་ཁུལ་གྱི་གནས་ཚུལ་ཐོག་ནས་བཤད་ཀྱིན་ཡོད་ན། སྐད་ཆ་གང་ཡང་བཤད་ཆོག་གི་རེད། ཅེས་བྲིས་ཡོད། ངོ་བོ་ཅུང་མི་འདྲ་ཡང༌། དོན་དག་གཅིག་པ་རེད། དེའི་རྗེས་བཀའ་བློན་ཁྲི་བ་འཇུ་ཆེན་རྒྱ་ནག་ཏུ་ཕེབས་ཏེ་དོགས་གཅོད་གནང་སྐབས། སྐད་ཆ་དེ་བཤད་ཡོད་དང་མེད་ཀྱི་ལན་བརྒྱབས་མེད་སྟབས། ང་ཚོས་བཤད་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། ད་ལོ་ཉི་ཧོང་གི་གསར་འགོད་པའི་ལན་དུ་ཏུའུ་ཆེན་ལིན་གྱིས་ཏིན་ཞའོ་ཕིན་གྱིས་དེ་འདྲ་བཤད་ཡོད་པ་མ་རེད། ཅེས་ངོས་ལེན་བྱས་མེད་སྟབས། དམིགས་བསལ་ཚོགས་ཆེན་དང་བསྟུན་རྒྱལ་ལོ་དོན་འགྲུབ་དང་འཇུ་ཆེན་ཐུབ་བསྟན་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་རྒྱས་པ་ཞིག་གནང་ཡོད།

 དྲི་བ། ད་བར་བོད་རྒྱའི་བར་གྲོས་མོལ་རིམ་པ་བརྒྱད་བྱུང་ཡོད་ལ། འབྲེལ་མོལ་ཐེངས་བརྒྱད་པ་དེ་རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་གྱི་རྣམ་པ་ཐོན་ཡོད། འོན་ཀྱང༌། དམིགས་བསལ་ཚོགས་ཆེན་སྟེང་འབྲེལ་མོལ་མཚམས་འཇོག་བྱས་དོན་ཅི་ཡིན།
ལན། ང་ཚོས་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེར་རྒྱ་གཞུང་གིས་ཕྱེད་རང་བཙན་དང་རྣམ་པ་སྒྱུར་བའི་རང་བཙན། མངོན་པར་མི་གསལ་བའི་རང་བཙན། ཞེས་མགོ་ནས་མཇུག་བར་དགག་པ་བརྒྱབས་ཡོད། འབྲེལ་མོལ་ཐེངས་བདུན་གྱི་ནང་དོན་ཆ་ཚང་ཡིག་ཐོག་ཏུ་ཕུལ་བར་ངོས་ལེན་མེད་ན། ང་ཚོའི་ངོས་ནས་སྐད་ཆ་རྫོགས་པ་རེད། ཐེངས་བརྒྱད་པའི་སྐབས་སྐུ་ཚབ་རྣམ་པས་གང་འཛོམས་འདིར་འཛོམས་ཀྱི་སྐད་ཆ་བཤད་མེད། འོན་ཀྱང༌། མ་འོངས་པར་རྒྱ་ནག་དང་མཉམ་དུ་སྐད་ཆ་མ་བཤད་པར་སྡོད་ཐུབ་ཡོད་པ་མ་རེད་དེ། རྗེས་མ་སྐད་ཆ་བཤད་སྐབས་ཐེངས་དགུ་བ་ཆགས་རྒྱུ་ཡིན་ནམ། བསྐྱར་དུ་ཐེངས་དང་པོ་ཆགས་རྒྱུ་ཡིན་བཤད་ཐབས་མེད། ང་ཚོའི་གྲོས་གཞི་དེའི་ཐོག་ལ་གྲོས་མོལ་བྱུང་ན་ཞི་མོལ་དངོས་གཞིའི་ཐོག་སླེབས་ཀྱིན་ཡོད།

དྲི་བ། རྒྱ་གཞུང་ལ་སྤྲད་པའི་ཡིག་ཆའི་ནང༌། སྔོན་མ་ནས་བོད་ནང་གཞིས་ཆགས་བྱས་ཡོད་པའི་རྒྱ་རིགས་ཕྱིར་འཕུད་བྱ་འདོད་མེད་ཚུལ་ལབ་འདུག གལ་སྲིད་རང་སྐྱོང་རག་ན་མ་འོངས་པར་རྒྱ་རིགས་བོད་ནང་སྤོ་བར་ཚད་འཛིན་ཡོད་དམ།
ལན། བོད་ནང་གནས་སྡོད་བྱེད་པ་རྒྱ་རིགས་རྐྱང་མ་རེད། གྲངས་ཉུང་མི་རིགས་གཞན་དག་ཀྱང་ཡོད། ཡིག་ཆ་དེའི་ནང༌། བོད་པ་བོད་ས་ནས་གྲངས་ཉུང་མི་རིགས་མ་ཆགས་པ་ཞིག་དགོས། མི་རིགས་གཞན་ཇི་ལྟར་ཡོང་དགོས་མིན་གྱི་ཁྲིམས་བཟོ་དགོས་ཟེར་གྱིན་ཡོད། ཁྲིམས་བཟོ་ཆོག་པ་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀའི་ནང་ཡོད། ཡོང་ཆོག་མིན་དང་གཞིས་ཆགས་པ་གཉིས་ཁ་ཁ་རེད། ཡུལ་སྐོར་སྤྲོ་འཆམ་པ་དང་ལས་བྱེད། སློབ་མ་སོགས་དུས་ཚོད་ངེས་ཅན་ནང་ཕྱིར་ལོག་གི་ཡོད། གཞིས་ཆགས་ཏེ་འདུག་མཁན་ཚོར་ང་ཚོས་ཚད་འཛིན་བྱ་དགོས། དེའི་ས་མཚམས་གང་ནས་འཛིན་རྒྱུ་ད་ལྟ་ལབ་ཁག་པོ་རེད། མི་རབས་དང་ཡང་ན་ལོ་ཚུགས་ཀྱིས་ཚད་འཛིན་བྱ་དགོས། བོད་ནང་བོད་མི་གྲངས་ཉུང་མི་རིགས་མི་ཆགས་རྒྱུ་དེ་ང་ཚོའི་མཐའ་མའི་དམིགས་ཡུལ་རེད།

དྲི་བ། རང་བཙན་དང་དབུ་མའི་ལམ་གང་ཞིག་བརྩད་ཀྱང་ཆོག ལོ་རྒྱུས་ཐོག་ང་ཚོར་བདེན་པ་ཡོད་སྟབས། སྐད་ཆ་དང་ཡིག་ཆར་ངོས་ལེན་མེད་ན། རྒྱལ་སྤྱིའི་ཁྲིམས་ཐོག་ལ་གཏུགས་རྒྱུའི་ལམ་ཁ་ཡོད་དམ།
ལན༌། ང་ཚོ་དང་རྒྱ་ནག་བར་གྱི་དཀའ་རྙོག་དེ་ཆབ་སྲིད་ཀྱི་དཀའ་རྙོག་རེད། ཁྲིམས་ཀྱི་དཀའ་རྙོག་མ་རེད། གལ་སྲིད་ཁྲིམས་གྱི་དཀའ་རྙོག་ཡིན་ཡང༌། རྒྱལ་སྤྱིའི་ཁྲིམས་ཁང་ལ་འགྲོ་རྒྱུ་ཁག་པོ་ཡིན། རྒྱལ་སྤྱིའི་ཁྲིམས་ཁང་ལ་གང་ཞིག་འགྲོ་བ་རེད་ཟེར་ན། རྒྱལ་སྤྱིའི་ཆིངས་ཡིག་ཡོད་པ་དང་རྒྱལ་སྤྱིའི་ཁྲིམས་ཡིག་ཡོད་པ། དཔེར་ན། ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང༌། ཁྲིམས་སྒྲིག་འགན་ལེན་བྱས་ཡོད་པའི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལྟ་བུ་རེད། ཁྲིམས་ཁང་གཞན་རེ་ཟུང་ཡོད་ཀྱང་ནུས་པ་འཐོན་པ་ཞིག་མེད།

དྲི་བ། བོད་ནང་གི་མི་འབོར་གྱི་མང་ཆེ་བ་རྒྱ་རིགས་ཆགས་ཡོད་སྟབས། རང་སྲིད་རང་སྐྱོང་ཐོབ་ཀྱང་ མགོ་ཁྲིད་འོས་འདེམས་ཁྲོད་རྒྱ་རིགས་སླེབས་རྒྱུའི་ཉེན་ཁ་ཡོད། གནས་བབས་དེའི་འོག་ནས་ང་ཚོའི་དམིགས་ཡུལ་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་ཐུབ་བམ།
ལན། ད་སྔ་བོད་ནང་རྒྱ་རིགས་དང་བོད་རིགས་གཉིས་ལས་རྒྱ་རིགས་མང་བ་ཆགས་མེད། མི་རིགས་གཞན་པ་ཡང་མང་པོ་ཡོད། ལྷ་ས་ལྟ་བུར་མཚོན་ན། བོད་རིགས་མིན་པ་བརྒྱ་ཆ་བརྒྱད་ཅུ་ལས་བརྒལ་ཡོད། སོག་ཡུལ་ལ་མཚོན་ན། སོག་རིགས་བརྒྱ་ཆ་ ༢༠ དང་མི་རིགས་གཞན་བརྒྱ་ཆ་ ༨༠ རེད། མི་རིགས་ས་གནས་རང་སྐྱོང་ཐད། ང་ཚོའི་ངོས་ནས་དགོས་འདུན་བཏོན་པ་དང༌། རྒྱ་ནག་གི་ངོས་ནས་གསལ་བོ་མེད་པ་ཞིག་ལ། ང་ཚོས། གྲངས་ཉུང་མི་རིགས་མ་ཡིན་པ་ཞིག་གྲངས་ཉུང་མི་རིགས་ཀྱི་ས་ཆར་བསྡད་ཡོད་ན། དེ་ལ་རང་སྐྱོང་གི་ཐོབ་ཐང་རག་གི་མེད་ལ། བོད་མི་རིགས་མ་ཡིན་པ་ཞིག་བོད་ཀྱི་ས་གནས་སུ་བསྡད་ཡོད་ན། དེ་ལའང་རང་སྐྱོང་གི་ཐོབ་ཐང་ཡོད་པ་མ་རེད་ཟེར་གྱིན་ཡོད།

དྲི་བ། ང་ཚོས་མི་ལོ་ལྔ་བཅུར་ཉེ་བའི་རིང་དམངས་གཙོར་འབད་བརྩོན་བྱས་ཡོད། ད་ལྟ་རྒྱ་ནག་གི་རྩ་ཁྲིམས་འོག་ཟེར་གྱིན་ཡོད་སྟབས། མཱ་ཁི་སི་ལེ་ཉེན་རིང་ལུགས་འོག་མགོ་བསྒུར་རྒྱུ་ངོས་ལེན་བྱས་པ་རེད་དམ།
ལན། ད་ལྟའི་གནས་བབས་འོག་བོད་དུ་ལོག་རྒྱུ་བྱུང་ན། མཱ་ཁི་སི་ལེ་ཉིན་རིང་ལུགས་ངོས་ལེན་བྱ་རྒྱུ་དེ་རེད། འོན་ཀྱང༌། རྒྱ་ནག་དམངས་གཙོར་མི་འགྱུར་བར་མུ་མཐུད་གནས་གི་རེད་སྙམ་པ་སུ་ལའང་མེད། ད་ལྟའི་གནས་བབས་ལ་འགྱུར་བ་འགྲོ་གྲབས་ཡོད་པ་ཐག་ཆོད་རེད། ང་ཚོས་ཨུ་ཚུགས་རྒྱག་དོན། རྒྱ་ནག་གི་ད་ལྟའི་མགོ་ཁྲིད་ཚོའི་སྲིད་དབང་ལ་འགྱུར་བ་མ་ཕྱིན་སྔོན་ལ། ང་ཚོར་ཐོབ་བྱ་ཞིག་འདུག་དྲན་གི་མེད། ༧གོང་ས་མཆོག་གིས་བོད་ཁྱིམ་མཛད་སྒོའི་ཐོག ད་རྒྱ་ནག་མགོ་ཁྲིད་ཚོར་ཡིད་ཆེས་སྲབ་ཏུ་འགྲོ་བཞིན་འདུག འོན་ཀྱང༌། རྒྱ་ནག་མི་དམངས་ལ་ངའི་ཡིད་ཆེས་འགྱུར་བ་མེད། ཅེས་གསུངས་པ་དེ་ཆབ་སྲིད་ཀྱི་གལ་གནད་ཆེན་པོ་ཡོད་པའི་བཀའ་སློབ་ཅིག་རེད། དེའི་རྒྱབ་ལྗོངས་ལ་གནས་ཚུལ་མང་པོ་ཞིག་ཚུད་ཡོད། གནས་སྐབས་ཤིག་གི་རིང་ལ། ད་ལྟ་འདིར་ཡོད་པའི་དམངས་གཙོའི་ཡན་ལག་ཁ་ཤས་བློས་གཏོང་དགོས་ཀྱང༌། དེ་མི་འོས་པ་ཞིག་དང་ཧ་ཅང་རིན་ཐང་ཆེན་པོ་ཞིག་ལ་མཐོང་གི་མེད།

དྲི་བ། རྒྱ་ནག་གཞུང་གིས་བོད་ལ་རང་སྲིད་རང་སྐྱོང་མི་སྤྲོད་དོན། རྒྱ་ནག་མི་རིགས་ང་དྲུག་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་སྟབས། མི་རིགས་གཞན་པར་སེམས་འཚབ་ཡོང་གི་ཡོད་ཟེར་བའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། བློ་འཚབ་དེ་རྒྱ་གཞུང་ལ་ཡོད་ཡོད་པ་རེད། ང་ཚོས་སྐད་ཆ་ག་དུས་བཤད་ཀྱང༌། བོད་པར་རང་སྐྱོང་སྤྲད་ན། མི་རིགས་གཞན་པར་སྤྲོད་དགོས་ཆགས་གི་རེད་ཟེར་གྱིན་ཡོད། ང་ཚོས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ཀྱིན་ཡོད། ཐོབ་ཐང་དེ་རྩ་ཁྲིམས་ནང་ཡོད་པ་ཞིག་རྩོད་ཀྱིན་ཡོད། འོན་ཀྱང༌། གྲངས་ཉུང་མི་རིགས་ ༥༥ ནང་ནས་བོད་པ་མི་འདྲ་བ་ཞིག་ཡིན་ཟེར་གྱིན་ཡོད། བོད་ཀྱི་གནས་ཚུལ་ཐག་གཅོད་བྱེད་སྐབས། མི་རིགས་གཞན་དང་གཅིག་པ་མིན། གྲངས་ཉུང་མི་རིགས་ ༥༥ ནང་དབུས་གཞུང་དང་ས་གནས་གཞུང་བར་གྲོས་མཐུན་འཇོག་མཁན་བོད་གཅིག་པུ་ཡིན།

དྲི་བ། བཀའ་ཁྲི་མཆོག་གིས་སངས་རྒྱས་བསྟན་པ་འཛམ་གླིང་ལ་དར་སྤེལ་བྱུང་ན། བོད་མི་རིགས་ཉམས་སོང་རུང་སྐྱོན་མེད་གསུངས་ཡོད། དེས་ན་ང་ཚོས་ད་ལྟ་འཐབ་རྩོད་བྱེད་ཀྱིན་ཡོད་པ་དེ། སངས་རྒྱས་བསྟན་པའི་ཆེད་ཡིན་ནམ། 
ལན། སྐད་ཆ་བཤད་སྟངས་དེ་མའོ་ཙེ་ཏུང་གི་བཤད་སྟངས་ལས་ཚུར་བླངས་བ་ཞིག་རེད། མའོ་ཙེ་ཏུང་གི་གཏམ་བཤད་མང་པོའི་ནང༌། རྒྱ་ནག་དམར་ཤོག་ཚོགས་པའི་ལས་འགན། འཛམ་གླིང་འདི་བཅིངས་གྲོལ་དང༌། འཛམ་གླིང་ཡོངས་སྤྱི་ཚོགས་རིང་ལུགས་ལ་འཁྲིད་རྒྱུ་དེ་ཡིན། འཛམ་གླིང་ནང་མཱ་ཁི་སི་ལེ་ཉིན་རིང་ལུགས་སྲ་བརྟན་བཟོ་ཐུབ་པ་ཡིན་ན། ཧན་མི་རིགས་ཡོངས་རྩ་མེད་དུ་ཕྱིན་ཡང་འགྱོད་པ་མེད། དེ་རིན་ཐང་ཆེན་པོ་གང་ཡང་མ་རེད། ཅེས་ལབ་ཡོད། བོད་པའི་འཐབ་རྩོད་དེ་ཡང་འཇིག་རྟེན་རྐྱང་བའི་འཐབ་རྩོད་ཅིག་མིན། བོད་མི་རིགས་ལ་རང་སྲིད་རང་སྐྱོང་ཐོབ་རྒྱུ་དེ་ང་ཚོའི་མཐའ་མའི་དམིགས་ཡུལ་ཡིན་ན། དམིགས་ཡུལ་ཆུང་ཆུང་ཞེ་དྲག་རེད། བླ་མ་གྲྭ་བ་ཚོ་བོད་དོན་ལས་འགུལ་ནང་ཞུགས་དགོས་པའི་རྒྱུ་མཚན་མེད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་ཚུལ་དང༌། བོད་ཀྱི་འཐབ་རྩོད་ངོ་མ་དེ་བོད་ལ་རང་སྲིད་རང་སྐྱོང་དགོས་པ་ཐབས་ལམ་ཡིན་མ་གཏོགས། མཐར་ཐུག་གི་དམིགས་ཡུལ་མིན། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་བོད་མིའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་སྲུང་སྐྱོང་བྱས་ཏེ། འཛམ་གླིང་མི་དམངས་དང་མཉམ་སྤྱོད་བྱ་རྒྱུ་དེ་ཡིན། མི་རིགས་ཀྱི་ཤ་ཞེན་དང་མི་རིགས་ལ་འཁྲི་བའི་ལས་འགན་གཉིས་ཐ་དད་རེད། ང་ཚོ་བོད་མི་རིགས་ལ་སྐྱེས་ཡོད་སྟབས། བོད་མི་རིགས་ཀྱི་ཁྱད་ཆོས་དང༌། ལས་འགན་དེ་རང་ལས་གཞན་གཅེས་བར་འཛིན་པ་དེ་རེད།

དྲི་བ། རྒྱ་ནག་གཞུང་གིས་བོད་རིགས་ཡོངས་གཅིག་གྱུར་ཟེར་བ་དེར་ངོས་ལེན་རྩ་བ་ནས་མེད་ཟེར་གྱིན་ཡོད་སྟབས། ང་ཚོས་སྔོན་ལ་བོད་རང་སྐྱོང་ལྗོངས་གཅིག་པུ་རག་ཐབས་བྱ་དགོས་པ་མ་རེད་དམ།
ལན། བོད་རིགས་ཡོངས་གཅིག་གྱུར་ཟེར་བ་དེ། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཁོ་ནའི་དགོངས་གཞི་རླབས་ཆེན་ཆགས་ཡོད། བོད་རང་སྐྱོང་ལྗོངས་གཅིག་པུ་དང༌། ཡང་ན། པོ་ཏ་ལ་དང་ཞོལ། ནོར་བུ་གླིང་ཁ་ཙམ་སྔོན་ལ་རག་ཐབས་བྱ་དགོས་ཟེར་མཁན་མང་པོ་ཡོད། ང་ཚོས་བོད་རང་སྐྱོང་ལྗོངས་གཅིག་པུའི་ཆེད་འཐབ་རྩོད་བྱས་ན། མདོ་སྟོད་ཕྱེད་ཀ་དང་མདོ་སྨད་ལ་གདོང་པ་ཇི་ལྟར་སྟོན་དགོས། ང་ཚོས་བོད་རང་སྐྱོང་ལྗོངས་གཅིག་པུ་དགོས་ཟེར་ན་ལམ་སེང་སྤྲོད་རྒྱུ་ཞིག་དང༌། བོད་ཆོལ་ཁ་གསུམ་ཟེར་ན་མི་སྤྲོད་རྒྱུ་ཞིག་རྩ་བ་ནས་མ་རེད། གལ་སྲིད་ང་ཚོས་བོད་རང་སྐྱོང་ལྗོངས་གཅིག་པུ་སྤྲོད་རོགས་ཞེས་ལབ་ཀྱང༌། རྒྱ་ནག་གིས་ཕྱེད་རང་བཙན། རྣམ་པ་སྒྱུར་བའི་རང་བཙན། མངོན་པར་མི་གསལ་བའི་རང་བཙན། ཞེས་ལབ་རྒྱུ་ཡིན་པ་གསལ་བོ་རེད།  རང་སྲིད་རང་སྐྱོང་ལ་བོད་རིགས་ཡོངས་དང༌། བོད་རང་སྐྱོང་ལྗོངས་གཅིག་པུ་ལ་མགྱོགས་ལུགས་ཀྱི་ཁྱད་པར་མཐོང་གི་མེད།

དྲི་བ། ༧གོང་ས་མཆོག་དགུང་ལོ་བགྲེས་བོ་ཆགས་པ་དང་བོད་ནང་རྒྱ་རིགས་མང་པོ་སྤོ་བཞིན་ཡོད། གཞན་མ་བྱུང་ཡང་༧གོང་ས་མཆོག་གཅིག་པུ་བོད་དུ་ཕེབས་ཐུབ་ལ་འབད་བརྩོད་བྱས་ན་མི་ལེགས་སམ།
ལན། ༧གོང་ས་མཆོག་དགོང་ལོ་བགྲེས་བོ་ཆགས་ཀྱིན་ཡོད་པར་འཇིགས་སྣང་དང༌། བོད་ནང་རྒྱ་རིགས་འབོར་ཆེན་ཡོང་གི་ཡོད་པར་བློ་འཚབ་སྐྱེ་དགོས་པ་ཞིག་རེད། འོན་ཀྱང༌། འཇིགས་སྣང་དང་སེམས་འཚབ་ཡོད་ཀྱང༌། ཐབས་ལམ་འདི་ལས་མགྱོགས་པ་ཞིག་འཚོལ་ཐབས་མེད། ཕྱི་རྒྱལ་གྱི་གྲོགས་པོ་ཚོས། ༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་ཐུབ་པ་བྱུང་ན། གནས་ཚུལ་མང་པོ་ཞིག་འགྲིག་འགྲོ་བ་རེད། ཅེས་འཆར་གཞི་སྒྲིག་སྟེ། ཟླ་ཚེས་དུས་ཚོད་སོགས་གཏན་འབེབས་བྱས་མྱོང༌། གཅིག་བྱས་ན། རྒྱ་གཞུང་གིས་གློ་བུར་དུ་༧རྒྱལ་བ་རིན་པོ་ཆེ་ཕེབས་ཆོག་ཟེར་སྲིད། གལ་སྲིད་དེ་འདྲ་བྱུང་ན་བོད་ཀྱི་རྩ་དོན་ཡག་ཏུ་འགྲོའམ་སྡུག་ཏུ་འགྲོ་བཤད་ཁག་པོ་རེད། ཐབས་རྡུགས། ༧གོང་ས་མཆོག་ཡང་བསྐྱར་རྒྱ་ནག་གི་བཙན་འོག་ལ་ཚུད་པའི་ཉེན་ཁ་ཡོད། རྒྱ་གཞུང་གིས་བཀག་འགོག་བྱས་ན། འཛམ་གླིང་རྒྱལ་ཁབ་སུ་གང་གིས་ཀྱང་སྟོབས་ཤུགས་བེད་སྤྱད་དེ། ༧རྒྱལ་བ་རིན་པོ་ཆེ་སྐྱོབ་གི་རེད་དམ། དེ་ལ་དགོངས་པ་བཞེས་དགོས།

དྲི་བ། ཡིག་ཆ་འདིའི་ནང་བོད་རིགས་ཡོངས་ལ་རང་སྐྱོང་ཟེར་བ་དང༌། དབུ་མའི་ལམ་གྱི་འགྲེལ་བཤད་དག་ཏུ་ས་གནས་རང་སྲིད་རང་སྐྱོང༌། ཞེས་འབྲི་སྟངས་མི་འདྲ་བ་གཉིས་བྱུང་དོན་ཅི་ཡིན་ནམ།
ལན། རང་སྲིད་རང་སྐྱོང་དང་རང་སྐྱོང་གཉིས་ལ། བོད་སྐད་རྒྱ་སྐད་དབྱིན་སྐད་གསུམ་ཆའི་ནང་ཚིག་མི་འདྲ་བ་ཡོད་པ་གཅིག་མཚུངས་ཡིན་རུང༌། རྒྱ་ནག་གི་རྩ་ཁྲིམས་ནང་རང་སྐྱོང་ལ་འགྲེལ་བཤད་རྒྱག་སྐབས། གྲངས་ཉུང་མི་རིགས་ཁག་ལ། རང་སྲིད་རང་སྐྱོང་དང་རང་གཅེས་རང་བདག་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་འོག་རག་དགོས་ཞེས་བཀོད་ཡོད། མི་རིགས་ས་གནས་རང་སྐྱོང་ཟེར་བ་དེ་སྤྱི་ཁྱབ་ཀྱི་ཚིག་རེད། དེའི་གོ་དོན་འགྲེལ་བཤད་རྒྱག་སྐབས། རང་སྲིད་རང་སྐྱོང་དང་རང་གཅེས་རང་བདག་དེ་རེད། རང་སྐྱོང་གི་ནང་དུ་རང་སྲིད་རང་སྐྱོང་ཚུད་ཡོད།

དྲི་བ། ཡིག་ཆ་འདིར་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ལ་གོ་བ་ལེན་ཕྱོགས་ལྟར་ན་ཞེས་བྲིས་འདུག་ལ། རྒྱ་ནག་གིས་འགྲེལ་བཤད་གཞན་ཞིག་རྒྱག་དོན་ཅི་ཡིན། 
ལན། ང་ཚོས་ཡིག་ཆ་འདི་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བསྟུན་ཡོད་ཟེར་གྱིན་ཡོད། རྒྱ་གཞུང་གིས་ཡིག་ཆ་འདིའི་མགོ་ནས་མཇུག་བར་རྩ་ཁྲིམས་ལ་འགྲེལ་བཤད་རྒྱག་སྟངས་འགྲིག་མི་འདུག་ཟེར་གྱིན་ཡོད། གལ་སྲིད་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ན། ཁྲིམས་ཀྱི་འགྲེལ་བརྗོད་བྱེད་སྟངས་ལ་འདོད་པ་མེད་ན། རང་དབང་ཅན་གྱི་ཁྲིམས་ལུགས་དབང་འཛིན་ཡོད་སྟབས། ཁྲིམས་ཁང་ནང་ཕྱིན་ཏེ་བདེན་པ་རྩོད་ཆོག འོན་ཀྱང༌། རྒྱ་ནག་ལ་དེ་ཡོད་པ་མ་རེད། རྒྱལ་སྤྱིའི་མང་ཚོགས་ལ། ང་ཚོས་བཤད་པ་བདེན་པ་རེད་དམ། རྒྱ་ནག་གིས་བཤད་པ་བདེན་པ་རེད། རྩ་ཁྲིམས་ཀྱི་ཚིག་གི་ངོ་གདོང་ལ་བལྟས་ཏེ་འགྲེལ་བཤད་བརྒྱབས་ན་གསལ་བོ་ཆགས་ཡོང་གི་རེད།

དྲི་བ། ༧གོང་ས་མཆོག་གི་སྐུ་རིང་ལ་བོད་དོན་སེལ་མ་ཐུབ་ན་བོད་དོན་རླག་འགྲོ་ཟེར་བ་དང༌། ༧གོང་ས་མཆོག་གི་རྗེས་སུ་གཞོན་ནུས་རང་བཙན་བརྩད་ན་རྒྱ་གཞུང་ལ་དཀའ་ངལ་བཟོ་ཐུབ་ཟེར་བའི་ལྟ་སྟངས་དེ་གཉིས་ལ་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ངར་༧གོང་ས་མཆོག་གི་སྐུ་རིང་ལ་བོད་དོན་སེལ་བའི་ཡིད་ཆེས་ཡོད། གལ་ཏེ་སེལ་མ་ཐུབ་ཀྱང༌། ༧གོང་ས་མཆོག་གི་རྗེས་ནས་བོད་དོན་ཡལ་འགྲོ་བ་རེད་ཟེར་བ་ནོར་འཁྲུལ་རེད། དམངས་གཙོའི་ལམ་སྲོལ་ཐོག་ནས་ང་ཚོའི་ཆབ་སྲིད་མགོ་ཁྲིད་ཡོང་གི་རེད། བོད་ཀྱི་སྒྲིག་འཛུགས་གནས་གི་རེད། ༧གོང་ས་མཆོག་གི་སྐུ་རིང་ལ་བོད་དོན་སེལ་མ་ཐུབ་ཀྱང༌། བོད་ཀྱི་འཐབ་རྩོད་མུ་མཐུད་གནས་གི་རེད། ༧གོང་ས་མཆོག་གི་རྗེས་སུ་གཞོན་ནུ་སོགས་ཀྱིས་རྒྱ་ནག་ལ་དཀའ་ངལ་བཟོ་གི་རེད་ཟེར་བ་དེར་ཡིད་ཆེས་མེད། རང་བཙན་རྩོད་མཁན་སྔ་མོ་ནས་ཡོད་ལ། དེ་ལ་སུས་ཀྱང་བཀག་འགོག་བྱས་མེད། འོན་ཀྱང༌། རྒྱ་ནག་གཞུང་ཚབ་ལ་སུན་གཙེར་ཙམ་ལས། དཀའ་ངལ་ཆེན་པོ་གང་ཡང་བཟོས་མེད།

དྲི་བ། འདས་པའི་ལོ་མང་རིང་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་མེད་ཀྱང༌། གཞུང་གིས་ད་དུང་མུ་མཐུད་དུ་དབུ་མའི་ལམ་རྒྱུན་འཛིན་སྲ་བརྟན་བྱེད་དོན་ཅི་ཡིན།
ལན། དབུ་མའི་ལམ་ལ་གྲུབ་འབྲས་ཐོན་མ་སོང་བསམ་གི་མེད། བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་ཐོན་མེད་བསམ་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས། རྒྱལ་སྤྱིའི་ནང་བོད་དོན་ཚད་མཐོན་པོར་སླེབས་ཡོད། དཔེར་ན། དམིགས་བསལ་ཚོགས་ཆེན་རྗེས། ལྡི་ལིར་ཡོད་པའི་ང་ཚོའི་གྲོགས་པོའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཀྱིས། ང་བློ་བདེ་སོང༌། གལ་སྲིད་དབུ་མའི་ལམ་ལ་འགྱུར་བ་ཕྱིན་ན། མ་འོངས་པར་༧རྒྱལ་བ་རིན་པོ་ཆེ་ང་ཚོའི་ལུང་པར་ཕེབས་རྒྱུའི་ཆོག་མཆན་སྤྲོད་ཁག་པོ་ཆགས་གི་རེད། དབུ་མའི་ལམ་སྔར་བཞིན་གནས་ཡོད་སྟབས། རྒྱལ་སྤྱིའི་ནང་གི་༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ལ་གནོད་སྐྱོན་ཡོང་གི་མ་རེད། ཅེས་ལབ་ཡོད། རྒྱལ་ཁབ་གང་ཡིན་རུང་དབུ་མའི་ལམ་གྱི་སྲིད་བྱུས་འོག ང་ཚོར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ལམ་ཁ་གཞན་དུ་ཕྱིན་ན། ཁ་ཡ་བྱེད་མཁན་ཙམ་ཡང་ཡོང་གི་མ་རེད། བཙན་བྱོལ་གཞུང་གིས་དབུ་མའི་ལམ་རྒྱུན་འཛིན་བྱེད་དོན། མི་དམངས་ཀྱི་འདོད་པ་རེད། མི་རབས་ནས་མི་རབས་ལ་འཛིན་དགོས་ཀྱང༌། མི་མང་གི་རྒྱབ་སྐྱོར་མེད་པ་མ་ཆགས་བར་འཛིན་རྒྱུ་རེད།

དྲི་བ། སྔོན་མ་དབྱིན་གཞུང་གིས་བོད་རང་བཙན་ངོས་ལེན་བྱས་ཡོད་ཀྱང༌། ཉེ་ཆར་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་དབྱིན་གཞུང་གིས་བོད་རྒྱ་ཁོངས་སུ་ཁས་ལེན་བྱས་དོན་ཅི་ཡིན་ནམ།
ལན། ཉེ་ཆར་དབྱིན་གཞུང་ཕྱི་སྲིད་དྲུང་ཆེ་ཡིས་གྲོས་ཚོགས་ནང་གསལ་བཤད་ཅིག་བྱས་ཡོད། དེ་སྔོན་མ་གང་ཁས་ལེན་གྱིན་ཡོད་མེད་མ་རེད། ད་ལྟ་ངོས་འཛིན་གང་འདྲ་ཡོད་མེད་རེད། ད་ལྟ་དབྱིན་གཞུང་གིས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པར་ཁས་ལེན་བྱེད་ཀྱིན་ཡོད། འདས་པའི་ལོ་རྒྱུས་ལ་བཤད་སྟངས་འདྲ་མིན་ཡོད་སྟབས། མང་པོ་ཞིག་མགོ་འཐོམ་གྱིན་འདུག དེ་ལ་ང་ཚོས་གསལ་བཤད་བྱས་པ་ཡིན། ཞེས་ལབ་འདུག ང་ཚོས་ལྡི་ལི་དོན་གཅོད་བརྒྱུད། འདོད་པ་མ་ཁེངས་པའི་སྐད་ཆ་ཞིག་བཤད་ཡོད། དེར་ང་ཚོ་བློ་ཕམ་བྱུང༌། ད་ལྟའི་གོ་སྐབས་འདི་འདྲར་བསྐྱར་དུ་གསལ་བོ་བཟོ་དོན་ཅི་ཡིན་སྙམ་པའི་བློ་ཕམ་བྱུང་ལ། དེ་ལ་དགའ་བསུ་ཡང་ཡོད། ད་ལྟའི་གནས་སྟངས་གསལ་བོ་ཟེར་བའི་སྐབས་སུ་འདས་པའི་དུས་སུ་དབྱིན་གཞུང་གིས་བོད་རང་བཙན་དང༌། ཡང་ན་རང་སྐྱོང་ཡིན་པ་ཁས་ལེན་བྱས་ཡོད་པ་བསྐྱར་དུ་གསལ་བོ་བཟོས་པ་རེད། ཅེས་བཀོད་ཡོད། ༧གོང་ས་མཆོག་གིས་ཀྱང་དེ་ལྟར་གསུངས་འདུག

 དྲི་བ། ཡིག་ཆ་འདིའི་ནང་བོད་རིགས་ཡོངས་ཞེས་བཀོད་ཡོད། རྔ་བའི་འོག་གི་གཟི་ཚ་སྡེ་དགུ་དང་ཆིང་རིགས། མཚོ་སྔོན་འོག་གི་སོག་རིགས་ཚུད་ཡོད་དམ།
ལན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔར་དབྱེ་བ་ཕྱེས་ཡོད། གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་དུ་ཡོད་པའི་ཆིང་རིགས་ཤིག་བཤད་ཀྱིན་ཡོད་ན། དེ་བོད་རིགས་དང་ལོགས་ཀ་རེད། དེ་ལའང་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོད་དགོས་པ་ཞིག་རེད། ཁོང་ཚོས་བོད་རིགས་ཡིན་ཟེར་དོན་མེད། འོན་ཀྱང༌།  བྱུང་རབས་ཐོག་ནས་ང་ཚོ་སྔོན་མ་བོད་རིགས་ཡིན། བོད་ཁོངས་ནས་འདུག་གི་ཡིན་ཟེར་ན་རང་དབང་རེད། ས་མཚམས་ཟེར་བ་དེ་བྱུང་རབས་ཐོག་ནས་དབྱེ་བ་འབྱེད་རྒྱུ་ཁག་པོ་རེད། ང་ཚོའི་ས་ཁོངས་ནན་ཅིན་དང་པེ་ཅིན་བར་སླེབས་མྱོང་ཡོད་ལ། འབྲུ་ཆུའི་ཕར་ཚུར་བཤད་སྲོལ་ཡང་ཡོད། འོན་ཀྱང༌། མི་རིགས་ས་གནས་རང་སྐྱོང་གི་ས་མཚམས་ཇི་ལྟར་ཐག་གིས་གཅོད་དགོས་པ་རེད་ཟེར་ན། མི་རིགས་སོ་སོ་གདོད་མ་ནས་གནས་སྡོད་བྱེད་སའི་ས་ཁོངས་དེ་མི་རིགས་ས་གནས་རང་སྐྱོང་གི་ས་ཁོངས་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།