བོད་རང་བཙན་ལས་འགུལ་སྤེལ་ཕྱོགས་ཀྱི་བགྲོ་གླེང་ལྷན་ཚོགས།

16/03/2012 11:11

 

བོད་རང་བཙན་ལས་འགུལ་སྤེལ་ཕྱོགས་ཀྱི་བགྲོ་གླེང་ལྷན་ཚོགས།

 
བོད་རང་བཙན་འཐབ་རྩོད་ཆེད་ལས་འགུལ་གྱི་རྣམ་པ་གསར་བསྐྲུན་བྱ་ཕྱོགས་སྐོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བགྲོ་གླེང་ལྷན་ཚོགས་གནང་བཞག

དེ་ཡང་ ཕྱི་ཟླ་ ༣ ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་ཀྱི་རིང་རང་བཙན་མཐུན་ཚོགས་ཞེས་པའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ འབྱུང་འགྱུར་བོད་དོན་ཐད་འཕྲད་སྲིད་པའི་གནས་བབ་ཀྱི་སྐོར་དང་ བོད་རང་བཙན་གྱི་དམིགས་ཡུལ་གོང་འཕེལ་དང་ མངོན་འདོད་་འགྲུབ་རྒྱུར་ ཐབས་བྱུས་དང་སྒྲོམ་གཞི་གསར་བསྐྲུན་བྱ་ཕྱོགས་སྐོར་བགྲོ་གླེང་བྱས་ཡོད་པ་རེད་་ བགྲོ་གླེང་དེའི་ནང་ རྒྱ་གར་དང་ཉི་ཧོང་ སུད་སི་ འཇར་མན་ ཨི་ཊ་ལི་ བྱང་ཨ་མི་རི་ཀ་བཅས་ཁྱོན་རྒྱལ་ཁབ་བདུན་ནས་ཆེད་དུ་གདན་ཞུས་བྱས་པ་དང་བོད་རང་བཙན་གྱི་ལྟ་གྲུབ་ལ་རྒྱབ་སྐྱོར་ཞུ་མཁན་བོད་མི་གྲངས་ ༦༢ ལྷན་བཞུག་གནང་བཞག་་ རང་བཙན་མཐུན་ཚོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་ བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་པ་འདི་ མཐོ་སྒང་བོད་ནང་གྱེན་ལངས་ཀྱི་འཚོ་བ་རྒྱ་ཁྱབ་འགྲོ་བཞིན་པའི་མངོན་་རྟགས་སྣེ་མོ་ཙམ་ཞིག་ཡིན་པ་དང་ དུས་ཚོད་འདི་འདྲ་ཞིག་གི་སྐབས་ བོད་རང་བཙན་འཐབ་རྩོད་མདུན་བསྐྱོད་གཏོང་རྒྱུའི་གོ་སྐབས་ཞིག་ཀྱང་ཡིན་པའི་སྐོར་བགྲོ་གླེང་དབུ་འཛུགས་ཀྱི་ངོ་སྤྲོད་གསུང་བཤད་གནང་འདུག་་ བགྲོ་གླེང་ལྷན་ཚོགས་དེའི་སར་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གཞོན་ནུ་ལྷན་ཚོགས་ངོས་ནས་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་གསུམ་གྱི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ངོ་སྤྲོད་དང་འབྲེལ་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་མདུན་སྐྱོད་གནང་ཕྱོགས་སྐོར་དང་ ཡང་ བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་བརྙན་འཕྲིན་བརྒྱུད་ རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་འགྱུར་ལྡོག་སྐོར་གསུངས་བཤད་དང་ དེ་བཞིན་ཡང་རྙན་འཕྲིན་ཁ་པར་བརྒྱུད་ རྒྱལ་ས་ཝ་ཤིན་ཀྲོན་ནས་ཁྲིམས་རྩོད་པ་ཉི་མ་ལགས་ཀྱིས་ བོད་མི་ཚོས་རང་བཙན་འཐབ་རྩོད་ཆེད་ རྒྱལ་ཡོངས་ཀྱི་ཆབ་སྲིད་ཚོགས་པ་ཞིག་འཛུགས་དགོས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག ད་རེས་ཀྱི་བགྲོ་གླེང་དེའི་ཐོག་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་་བསྟན་འཛིན་རྡོ་རྗེ་ལགས་དང་ འགན་འཛིན་ཟུར་པ་བཀྲས་མཐོང་ལྷ་སྒྲོན་ལགས་ དེ་བཞིན་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་ ཉིན་གཉིས་ཀྱི་བགྲོ་གླེང་མཇུག་བསྡོམས་སྐབས་ ཚོགས་འདུ་འདི་ཡིས་ རང་བཙན་འཐབ་རྩོད་ཆེད་དུ་ལས་འགུལ་གསར་པ་ཞིག་འཛུགས་རྒྱུ་དང་ གྲོས་ཆོད་ཁག་ལ་ལག་བསྟར་ཆེད་ དམིགས་བསལ་གྱི་ཚོགས་ཆུང་ཁག་གསུམ་གསར་འཛུགས་བྱས་ཏེ་ལས་དོན་སྤེལ་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་པ་རེད༎

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།