བོད་ལ་རང་དབང་མེད་
29/08/2009 11:18
བོད་ལ་རང་དབང་མེད་པའི་སྙན་ཞུའི་འོད་སྡེར།
བོད་ཀྱིད་དུས་བབ།
ངས་མི་རིགས་འདི་ལ་བཅངས་པའི་རེ་བ་ནི་རང་རང་གིས་རང་ཚུགས་རེ་བཟུང་སྟེ། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་
ཚང་གིས་གསུངས་དོན་ལྟར་སྔོན་བྱོན་དམ་པ་ཚོའི་གསུང་དེ་དག་སེམས་ལ་བཟུང་ནས་བོད་སྐད་གཙང་མ་ཞིག་
བཤད། བོད་ཡིག་ཡང་དག་ཅིག་སྦྱངས་ཏེ། མིག་རྒྱང་ཐུང་དུ་མ་བཅུག་པར་བོད་ཅེས་པའི་ཐ་སྙད་འདིར་དོན་
བཤད་ལེགས་པོ་ཞིག་བྱས་ཏེ། མཐུན་སྒྲིལ་ཡག་པོའི་སྒོ་ནས་བོད་ཀྱི་རིག་གནས་འདི་ལ་གཅེས་སྤྲས་གང་ལེགས་
བྱ་དགོས་པ་དང་། གནས་ཚུལ་ཆུང་ཆུང་རེའི་སྟེང་ནས་རང་གི་རང་ཚུགས་འཆོར་དུ་མི་འཇུག་རྒྱུ་འདི་ཡིན་ཟེར།
ཟླ་འདིའི་ཚེས་ ༢༨ ཉིན་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་
ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག ཉེ་ཆར་བོད་ནས་ཐོན་པའི་རང་དབང་མེད་པའི་
སྐོར་གྱི་སྙན་ཞུ་ཞེས་པའི་གློག་བརྙན་ཞིག་སྐར་མ་བཅུའི་རིང་བསྟན་པ་དང་འབྲེལ། གསར་འགོད་གསལ་བསྒྲགས་ཤིག་
བསྐྱངས། འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་དང། འོད་སྡེར་བཟོ་
སྐྲུན་པ་སྙན་ཚང་སྟག་སྒྲིག་གམ་མིང་དངོས་ལ་སྐལ་བཟང་ཚུལ་ཁྲིམས་ཞུ་བ་དེའི་སྤུན་མཆེད་སྐལ་བཟང་དམ་ཆོས་
ལགས་གཉིས་ཀྱིས་གསར་འགོད་པ་རྣམས་ལ་མཇལ་འཕྲད་གནང་ཡོད། འཇམ་དཔལ་སྨོན་ལམ་གྱིས་གསུངས་དོན།
ཐེངས་འདིའི་འོད་སྡེར་བཟོ་སྐྲུན་པ་ནི་ཞེ་དྲག་གི་བློ་སྟོབས་ཆེན་པོ་ཞིག་ཡིན་ཞིང། དུས་ཡུན་ཆུ་ཚོད་གཅིག་ལྷག་གི་
འོད་སྡེར་དེའི་ནང་དུ། བཟོ་སྐྲུན་པས་བོད་ཀྱི་ལོ་རྒྱུས་འགྲེལ་བརྗོད་དང། རྒྱ་ནག་གཞུང་གིས་བོད་ཐོག་སྲིད་བྱུས་
འཛིན་སྟངས། ས་གནས་རང་སྐྱོང་ཁུལ་གྱི་ནང་དུ་བཟོས་བཞག་པའི་སྒྲིག་ཁྲིམས་དག་གི་འོས་འགན་མ་གཏོགས། རང་
དབང་གི་ལོངས་སྤྱོད་མེད་པ། ༧གོང་ས་མཆོག་ལ་གཞིས་སྡོད་བོད་མི་ཚོས་དད་དམ་གཡོ་བ་མེད་པ་བཅས་དངོས་
དོན་གསལ་བཤད་བྱས་འདུག་པ་དང། ཁོ་རང་ནི་ཀན་སུ་ཞིང་ཆེན་ཀན་ལྷོ་རྫོང་ཁོངས་དགེ་ཚང་གྲོང་སྡེ་ནས་ཡིན་
པའི་མི་དཀྱུས་མ་ཞིག་རེད། ཅེས་དང། ཡང་ཁོང་གིས་མུ་མཐུད་གསུངས་དོན།
དེ་ལྟ་བུའི་བོད་ཀྱི་དངོས་དོན་འགྲེལ་བརྗོད་བྱས་པའི་འོད་སྡེར་དེ་འདྲ་ཞིག་བཟོས་པ་དེར་ང་ཚོས་ངོས་ནས་བསྔཌ་
བརྗོད་ཞུ་འོས་པ་ཞིག་དང་། ལྷག་པར་མི་ཞིག་གིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་པའི་ཐོག་ནས། སྨྲ་བརྗོད་རང་
དབང་བེད་སྤྱད་དེ་བོད་ཀྱི་རིག་གཞུང་ལ་སོགས་པ་མང་ཚོགས་ལ་གསལ་བཤད་བྱེད་ཐུབ་རྒྱུ་དེ་ཞེ་དྲག་གི་གལ་
འགངས་ཆེན་པོ་རེད་དྲན་གྱི་འདུག འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་ཀྱང་ཁོང་གིས་མངོན་འདོད་ཞུས་པ་མཐའ་
དག་ཁྲིམས་དང་མཐུན་ཞིང་སྲུང་སྐྱོབ་ཐུབ་པ། རྒྱ་ནག་རྒྱལ་ཁབ་ཆེན་པོའི་རྩ་ཁྲིམས་དང་འགལ་མེད་པ་གསལ་བོ་
རེད་ཅེས་གསུངས་བྱུང།
དེའི་རྗེས་སུ་སྐལ་བཟང་དམ་ཆོས་ལགས་ནས་གསུངས་དོན། ཐེངས་འདིའི་འོད་སྡེར་འདི་ལོ་འདིའི་ཟླ་བ་ ༧ ཚེས་
༡༨ ནས་བཟོ་བསྐྲུན་བྱས་ཏེ། ཚེས་ ༢༠ ཉིན་མང་ཚོགས་ལ་འགྲེམས་སྤེལ་ཞུས་ཡོད་པ་རེད། འོད་སྡེར་དེའི་ནང་གི་
མངོན་འདོད་གཙོ་བོ་ནི་བོད་རྒྱལ་ཁབ་ཀྱི་རྒྱལ་ཕྲེང་ ༤༡ གི་ལོ་རྒྱུས་དང། ༡༩༥༡ ལོའི་རྒྱ་ནག་གིས་བཙན་འགེལ་
བྱས་པའི་ཆིངས་ཡིག་དོན་ཚན་ ༡༧། དེ་བཞིན་ ༡༩༥༩ ལོའི་དོན་རྐྱེན། ༡༩༧༩ ལོ་བར་གྱི་བཙན་བྱོལ་གཞུང་གི་
ལངས་ཕྱོགས་དང། ཡར་རྒྱས་ཇི་འདྲ་ཕྱིན་ཡོད་མེད་བཅས་མདོར་ན་ལོ་ངོ་ལྔ་བཅུའི་རིང་གི་བོད་ནང་གི་དངོས་
དོན་གྱི་གནས་ཚུལ་མཐའ་དག་འདྲ་དཔར་དང་གློག་བརྙན་གྱི་ལམ་ནས་ཞིབ་ཕྲའི་གསལ་བཤད་བྱས་ཡོད་པ་དང།
ལྷག་པར་བོད་ནང་གི་མང་ཚོགས་དང་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཆབ་སྲིད་ཀྱི་
གནས་སྟངས་གང་ཡིན་མི་ཤེས་པས་དེ་དག་ལ་འགྲེལ་བརྗོད་བྱ་ཆེད་དུ་ཐེངས་འདིའི་འོད་སྡེར་བཟོས་པ་ཞིག་རེད་
ཅེས་གསུངས་བྱུང། འོད་སྡེར་བཟོ་སྐྲུན་པ་སྐལ་བཟང་ཚུལ་ཁྲིམས་ལགས་ནི་སློབ་ཐོན་སློབ་མ་ཞིག་ཡིན་ཞིང། འདས་
པའི་ཉིན་ཉི་ཤུ་ཙམ་ནས་གར་སོང་ཆ་མེད་དུ་འགྱུར་འདུག་ལ། ཁོང་གི་གནས་སྟངས་གང་འདྲ་ཡིན་མིན་ད་ལྟ་སྤུན་
ཉེ་ཚོས་ཤེས་རྟོགས་གསལ་བོ་མི་འདུག གང་ལྟར་ཡང་ཁོང་གིས་གསུངས་དོན་ལྟར་ན། རང་དབང་ཞེས་པ་ནི་རང་
ཉིད་ལ་མཚོན་ན་རང་གི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས། དེ་མིན་ཚན་རིག་དང་ལག་རྩལ་འདི་འདྲ་
ཞིག་གི་སྟེང་ནས་རང་དབང་ཡོད་མེད་བཤད་དགོས་པ་རེད། སྤྱིར་ང་ཚོས་འཚེ་བའི་ལས་དང་དྲག་པོའི་ལས་ཀ་བྱེད་
མི་ཤེས་པ་དང་བྱ་མི་ཐུབ་པ་མིན་ཡང། ང་ཚོའི་ཕྱི་རབས་པ་ཚོ་ལ་བོད་མི་ཁྲི་ཕྲག་མང་པོ་བསད་ཚར་བའི་རོ་ཚབ་རོ་
ཡིས་ལེན་རྒྱུའི་བསམ་བློ་མེད་ལ། དྲང་བདེན་ཞིག་དང་གནས་ལུགས་ཤིག་གི་ཆེད་དུ་སྲོག་གཏོང་ཐུབ་ན་འགྱོད་པ་
རྩ་བ་ནས་མེད་ལ་དེ་འདྲའི་བསམ་བློའང་ཡོད།
དེའི་ཕྱིར་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་འདི་འདྲའི་བསམ་བློ་རེ་གཏོང་ཐུབ་ན་མི་རིང་བར་ང་ཚོའི་ཕུགས་
བསམ་མངོན་གྱུར་འབྱུང་ཐུབ་པར་སྙམ། ཅེས་དང་། མཐའ་བསྡོམས་དེར་ཁོང་གིས་ངས་མི་རིགས་འདི་ལ་བཅངས་
པའི་རེ་བ་ནི་རང་རང་གིས་རང་ཚུགས་རེ་བཟུང་སྟེ། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་ཚང་གིས་གསུངས་དོན་ལྟར་སྔོན་
བྱོན་དམ་པ་ཚོའི་གསུང་དེ་དག་སེམས་ལ་བཟུང་ནས་བོད་སྐད་གཙང་མ་ཞིག་བཤད། བོད་ཡིག་ཡང་དག་ཅིག་
སྦྱངས་ཏེ། མིག་རྒྱང་ཐུང་དུ་མ་བཅུག་པར་བོད་ཅེས་པའི་ཐ་སྙད་འདིར་དོན་བཤད་ལེགས་པོ་ཞིག་བྱས་ཏེ། མཐུན་
སྒྲིལ་ཡག་པོའི་སྒོ་ནས་བོད་ཀྱི་རིག་གནས་འདི་ལ་གཅེས་སྤྲས་གང་ལེགས་བྱ་དགོས་པ་དང་། གནས་ཚུལ་ཆུང་ཆུང་
རེའི་སྟེང་ནས་རང་གི་རང་ཚུགས་འཆོར་དུ་མི་འཇུག་རྒྱུ་འདི་ནི་ངའི་བསམ་བློའི་གཏིང་གི་ཆེས་མཐའ་མཇུག་གི་
རེ་བ་ཡིན་ཅེས་གསུངས་འདུག
ད་ལྟའི་ཆར་གནས་ཚུལ་མཁོ་སྤྲོད་པས་གསུང་དོན་ལྟར་ན། འོད་སྡེར་འགྲེམས་སྟོན་གྱི་གནས་ཚུལ་དེ་རྒྱ་ནག་གཞུང་
ནས་ཤེས་རྟོགས་བྱུང་ཡོད་མི་འདུག
———
Back