བྲོས་བྱོལ་གྱི་ཁྱིམ་ཚང༌།

05/01/2009 23:38

 

གཞན་ཕན་ནི་ནམ་རྒྱུན་སུས་ཀྱང་བཤད་ཐུབ་རུང་སྒྲུབ་མི་ཐུབ་པའི་འདུ་ཤེས་རིགས་ཤིག་ཡིན། ཡིན་ཡང་དེ་རིང་ངས་བཤད་ཀྱིན་པའི་གཞན་ཕན་ནི་བོད་ནས་གསར་དུ་བཙན་བྱོལ་ལ་ཕེབས་མ་ཐག་པའི་འབྲོག་པ་ཞིག་སྟེ། འདས་པའི་ལོ་ ༣༠ རིང་ཕེབས་པའི་བོད་པ་སྐྱབས་བཅོལ་བའི་ནང་གི་རིགས་ཤིག་ཡིན།

གཞན་ཕན་གྱིས་ཟླ་ངོ་བཞི་ཙམ་གྱིབྱིས་པ་དམར་འབྱར་མ་གཅིག་དང༌། སློབ་ལོ་སོན་མ་ཐག་པའི་བྱིས་པ་གཉིས། དེ་བཞིན་ཁོང་གི་བཟའ་ཟླ་དང༌། བཟའ་ཟླའི་ཕྱོགས་ཀྱི་གཉེན་ཉེ་ཞིག་བཅས་ནང་མི་ ༥ ཁྲིད་དེ་བཞུགས་སྒར་ངྷ་སར་འབྱོར་ཡོད་ལ། གཞན་ཕན་ནང་མི་ཚོ་ནི་ལོ་འདིར་ངྷ་སར་འབྱོར་བའི་སྐྱབས་བཅོལ་བ་མཐའ་མའང་ཡིན་སྲིད། གཞན་ཕན་གྱི་གཟུགས་སྟོབས་ཆུང་བའི་ཁར་ཁོང་གི་སྐམ་ཅིང་རིད་པའི་ངོ་གདོང་ནག་པོ་དེར་བལྟས་ཚོད་ཀྱིས་མི་ལོ་འདི་དག་གི་རིང་ཙག་རླུང་དང་བཙན་གནོན་ཆེ་བའི་ས་ཆ་ནས་དཀའ་སྡུག་གང་མང་ཞིག་བརྒྱུད་པ་གསལ་བོར་ཤེས་ཐུབ།


གཞན་ཕན་ནི་གཞིས་རྩེ་ས་ཁུལ་ས་སྒ་རྫོང་ཁྲོ་བོ་ཞང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། ཁོང་གིས་ནང་མི་ཚོ་ཁྲིད་ནས་འདིར་འབྱོར་མཚམས་ཏེ། ཕྱི་ཚེས་ ༢༥ ཉིན་ང་རང་ངྷ་སའི་དབུས་སྣེ་ལེན་ཁང་ནས་ཁོང་གི་ནང་མི་ལྷན་དུ་གླེང་མོལ་བྱེད་པའི་གོ་སྐབས་བྱུང་ལ། གཞན་ཕན་གྱིས་བཤད་དོན། ཁོ་རང་དགུང་ལོ་བཅོ་བརྒྱད་སྟེང་ཁྲ་བོ་ཞང་གུ་ཡུ་དགོན་པར་གྲྭ་བ་བྱས་པ་དང༌། སྐབས་དེར་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་བའི་གྲངས་འབོར་ཚོད་འཛིན་བྱས་ཏེ་གྲྭ་བ་བཅུ་ལས་བསྡད་མི་ཆོག་པའི་བཙན་བཀ྄འ་བཏང་སྟབས། བླ་མ་རིན་པོ་ཆེ་དང་དགོན་པར་དཀའ་ངལ་སྤྲོད་མ་བཟོད་པར་རང་ལོ་ཉེར་ལྔའི་སྟེང་གྲྭ་བ་ལྔ་དང་མཉམ་དུ་དགོན་པ་ནས་ཕྱིར་འབུད་བྱས་ཡོད་པ་དང༌། ཆོས་སྒོ་ནས་སྐྱ་སར་འབབ་སྐབས་ཁོང་གི་ད་ལྟའི་ཆུང་མ་འདིའི་ཁྱིམ་ཏུ་མག་པར་ཕྱིན་ཡོད་འདུག དེ་ནས་བཟུང་ཁོང་དང་བཟའ་ཟླ་གཉིས་ཀྱིས་ར་ལུག ༢༠༠ ལྷག་དང་གནག་ཕྱུགས་འགའ་འཚོ་སྐྱོང་བྱེད་བཞིན། བུ་གཅིག་དང་བུ་མོ་གཉིས་བཅས་ཁྱིམ་ཚང་ཞིག་གྲུབ་ཡོད་པ་རེད། གཞན་ཕན་ལ་འཚོ་བའི་ཐད་ནས་མུག་ཤིར་ཐེབས་དགོས་པའི་དཀའ་ངལ་མེད་ན྄འང༌། བོད་མི་སྤྱི་མཚུངས་ལྟར་སེམས་ཀྱི་དཀའ་ངལ་དང༌། མི་རིགས་ཀྱི་རིག་གཞུང་དང་ངོ་གདོང་སྲུང་སྐྱོབ་ལས་འཕྲོས་པའི་དཀའ་རྙོག་ཇེ་ཆེར་གྱུར་ལ། མཐར་ནང་མི་ཡོངས་རྫོགས་ཁ྄རིད་དེ་བཙན་བྱོལ་དུ་ཕེབས་ཡོད་འདུག གཞན་ཕན་གྱིས་འདིའི་སྐོར་བརྗོད་དོན། ང་ཚོར་རང་ཉིད་ཀྱི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང༌། མཆོད་བཤམས། གསོལ་འདེབས་སྨོན་ལམ། སྨྲ་བརྗོད་རང་དབང་སོགས་མེད་པ་དང༌། ཐ་ན་བོད་མི་ཚོར་རང་ཉིད་ཀྱི་སྲོག་སྲུང་བའི་རང་དབང་ཙམ་ཡང་མི་འདུག་ཟེར། གཞན་ཕན་གྱི་སེམས་ཁུར་ཆེ་ཤོས་ནི་ཁོ་རང་ཉིད་ཀྱི་རང་དབང་ཙམ་མིན་པར། རང་གི་བྱིས་པ་ཚོའི་མདུན་ལམ་ལ་ཐུག་འདུག འདིའི་ཐད་ཁོང་གིས། ངས་བུ་ཕྲུག་འདི་དག་གི་མ་འོངས་མདུན་ལམ་དང་ཁོང་ཚོ་བོད་རིགས་ངོ་མ་ཞིག་ཏུ་གསོ་སྐྱོང་བྱ་ཆེད། རང་ཉིད་ལ་དབང་བའི་རྒྱུ་ནོར་དང་ཕྱུགས་ཟོག་ཡོད་ཚད་བཙོང་རྗེས། རང་ལོ་དྲུག་ཡིན་པའི་བུ་མོ་ཚེ་བརྟན་སྒྲོལ་མ་དང༌། རང་ལོ་བཞི་ཡིན་པའི་བུ་མོ་ཚེ་རིང་ཆོས་སྐྱིད། ཟླ་བཞི་ལས་འགོར་མེད་པའི་བུ་བསོད་ནམས་བཀྲ་ཤིས། གཞན་རང་ལོ་བཅུ་བདུན་ཡིན་པའི་བཟའ་ཟླའི་སྤུན་སྤེན་པ་དོན་འགྲུབ་སོགས་འཁྲིད་ཏེ་བཙན་བྱོལ་དུ་ཡོང་བ་ཡིན་ལ། བྱིས་པ་ཚོ་འདི་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སློབ་གྲར་བསྐྱལ་ཏེ་མ་འོངས་པར་བོད་ཀྱི་རྩ་དོན་ལ་ཕན་པའི་བོད་མི་རེ་ཆགས་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།
གཞན་ཕན་གྱིས་བྱིས་པ་ཚོ་ཁྲིད་ནས་འདིར་འབྱོར་སྐབས་ནི་༧གོང་ས་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་ ༣༠ རིང་གི་ཤེས་ཡོན་འཐུས་ཤོར་ལ་ཕྱིན་པར་ཐུགས་ཁྲལ་དང༌། བཙན་བྱོལ་བོད་མི་ཚོས་ཤེས་ཡོན་གོང་སྤེལ་གྱི་ཐབས་ལམ་གསར་པ་འཚོལ་བཞིན་པའི་དུས་མཚམས་ལ་འཁེལ་ཡོད།
གསར་འགོད་པ། དོན་ཁོ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།