བྲོས་བྱོལ་ཡོང་མཁན་
20/11/2009 10:57
བལ་བོད་ས་མཚམས་ནས་བྲོས་བྱོལ་ཡོང་མཁན་བོད་མི། བལ་བོད་ས་མཚམས་ནས་བྲོས་བྱོལ་ཡོང་མཁན་བོད་མི་ཁག་ཅིག་བལ་པོའི་ཉེན་རྟོག་པས་གསང་ཡིབ་བྱེད་རྒྱུར་མཐུན་
འགྱུར་བྱེད་ཡོད་འདུག དེ་ཡང་བལ་ཡུལ་གྱི་ཀན་ཏི་པུར་ཞེས་པའི་གསར་འགྱུར་ལས་ཁང་གི་དྲ་རྒྱའི་ནང་གནས་ཚུལ་
བཀོད་ཐོན་བྱུང་བར་གཞིགས་ན། འདས་པའི་ཟླ་བ་གཉིས་ནང་། བོད་ནས་བལ་བོད་ས་མཚམས་བརྒྱུད་བོད་མི་བརྒྱ་སྐོར་
ཞིག་བྲོས་བྱོལ་དུ་འབྱོར་བ་དང་། ལྷག་པར་དུ་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་བོད་མི་བཅོ་བརྒྱད་ཙམ་ས་
མཚམས་ནས་འཛུལ་ཞུགས་བྱས་པ་དེ་དག་རིམ་པས་རྒྱལ་ས་ཀཐ་མན་གྲུའི་ནང་བཏང་ཡོད་འདུག།
མིང་འདོན་བྱེད་འདོད་མེད་པའི་བལ་ཡུལ་གྱི་ཉེན་རྟོག་པ་ཞིག་གིས་འགྲེལ་བརྗོད་བྱས་པར་ལྟར་ན། གོང་ཞུས་མི་སྣ་
དེ་དག་རྒྱལ་ས་ཀཐ་མན་གྲུའི་ནང་མ་བཏང་བའི་གོང་ཉེན་རྟོག་པ་ཚོས་ཁོང་ཚོ་གསང་བའི་ཐོག་ནས་ཉེན་གཡོལ་
ཆེད་མཐུན་འགྱུར་རོགས་རམ་བྱས་ཡོད་འདུག ཡིན་ནའང་རྒྱ་ནག་གི་ངོས་ནས་བོད་མི་དེ་དག་ཕྱིར་རྩིེས་སྤྲོད་དགོས་
པའི་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲད་ཀྱི་འདུག་ཀྱང་ང་ཚོས་བོད་མི་དེ་རྣམས་བཟང་སྤྱོད་ཀྱི་ཐོག་ནས་རྩིས་སྤྲད་མེད་
ལུགས་དང་ཁོང་ཚོ་གལ་སྲིད་རྩིས་སྤྲད་པ་ཡིན་ན་ཚེ་བཙོན་ནམ་ཡང་ན་སྲོག་ཐོག་ཉེས་ཆད་བཀེལ་རྒྱུའི་ཉེན་ཁ་ཡོད་
ལུགས་འགྲེལ་བརྗོད་བྱས་ཡོད་པ་བཅས་གང་ལྟར་བལ་བོད་ས་མཚམས་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་རྣམས་
བལ་ཡུལ་གྱི་ཉེན་རྟོག་པས་རྒྱ་མིར་རྩིས་སྤྲད་མེད་པའི་གནས་ཚུལ་ཐོན་འདུག
———
Back