མ་ཤི་བར་གོམ་བགྲོད་བྱེད་རྒྱུ་ཡིན།
01/04/2012 14:02
བོད་དོན་ཆེད་མ་ཤི་བར་གོམ་བགྲོད་བྱེད་རྒྱུ་ཡིན།
བོད་ཀྱི་བང་ཆེན།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་དྷ་སར་འགོ་འཛུགས་ཀྱིས། བོད་བར་དུ་ཞི་བའི་གོམ་བགྲོད་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག་དང་། དེའི་སྐོར་ལ་འདི་ཀ་གསར་ཁང་ནས་བཅར་འདྲི་བྱས་པ་ཡིན་ལ། ཁོང་གིས་དམིགས་ཡུལ་མ་འགྲུབ་བར་དང་། ཡང་ན་མ་ཤི་བར་གོམ་བགྲོད་བྱེད་རྒྱུ་ཡིན་ཞེས་བརྗོད་སོང་།
དྲི། སྐུ་ཉིད་ཀྱིས་གསུམ་བཅུའི་དུས་དྲན་ཉིན་གོམ་བགྲོད་འགོ་འཛུགས་ཀྱིས་བོད་ལ་འགྲོ་ཡི་ཡིན་ཁྱབ་བསྒྲགས་བྱས་འདུག འགྲོ་སྟངས་དང་མཐུན་རྐྱེན་གྲ་སྒྲིག་ག་རེ་ཡོད།
ལན། གཙོ་བོ་ང་རང་གི་ཞི་བའི་འབོད་ཚིགས་ལྔ་ཟེར་བ་ཞིག་བྲིས་ཡོད། དེའི་ཞི་བའི་འབོད་ཚིག་ལྔ་དེ་ང་རང་གི་མ་འགྲུབ་བར་དུ་དང་། རྒྱ་ནག་སྲིད་གཞུང་གི་ཁས་ལེན་མ་བྱས་བར་དུ་ང་འགྲོ་ཡི་ཡིན། མི་མང་པོ་ཞིག་གིས་ཞི་བའི་གོམས་བགྲོད་ལ་ཕྱིན་ཡོད་རེད་བསམ་ནས་ཏན་ཏན་དེ་ཚོ་སེམས་ལ་ཤར་ཡོང་གི་རེད། ངའི་ཞི་བའི་གོམས་བགྲོད་ལ་ཚོགས་པ་དང་སྒེར་གྱིས་འབོད་སྐུལ་དང། གཞུང་དང་དེ་འདྲས་བཀའ་བཏང་བ། ཕ་མ་སྤུན་མཆེད་ཀྱིས་སྐུལ་མ་བྱས་པ་གང་ཡང་མེད། ད་ལྟ་བོད་ནང་དུ་ཉིན་རྟག་པར་བོད་མི་རིགས་ཀྱི་ཆེད་དང། ༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་སྐྱོང་འཇུག་དགོས་པ། བོད་མི་རིགས་ལ་རང་དབང་དགོས་པའི་ཆེད་དུ་། སོ་སོའི་སྐུ་སྲོག་དེ་མེ་ལ་གཏོང་གི་ཡོད་པ་རེད། ངས་དེའི་མིང་ལ་ཤེས་རབ་ཀྱི་མེ་ལྕེ། སྙིང་རྗེའི་མེ་ལྕེ། གཞན་ཕན་གྱི་མེ་ལྕེ་ཟེར་གྱི་ཡོད། དེ་ཚོ་སྐྱོབ་པ་དང་། འབོད་སྒྲ་དེ་རྒྱལ་སྤྱིའི་སྒང་ལ་སྐྱེལ་བའི་ལས་འགན་དེ་བོད་པ་སྤྱི་ལ་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་གཅིག་པུ་མ་རེད། ཚོགས་པ་ཁག་ལ་དང། བོད་མི་རེ་རེ་ལ་དེའི་འགན་ཡོད་པ་རེད། དེ་ཡིན་དུས་ང་བོད་པ་ཞིག་ཡིན་པའི་ངོས་ནས། གོམ་བགྲོད་འདི་མགོ་བཙུགས་པ་ཡིན།
དྲི་བ། འདི་ལྟར་ཁྱབ་བསྒྲགས་བྱས་ན་ན་རྒྱ་གར་གྱིས་ལམ་བར་ནས་བཀག་ན་ག་རེ་བྱེད་རྩིས་ཡོད།
ལན། ཞི་བའི་གོམ་བགྲོད་ལ་སྔོན་མ་མང་པོ་ཕྱིན་པ་རེད། མཐའ་མཚམས་ནས་བཀག་པ་རེད། བཀའ་ངལ་དེ་ཚོ་ཚང་མར་ངས་བསམ་བློ་བཏང་ཚར་པ་ཡིན། ཁྱོད་རང་བཀག་གི་རེད། ཁྱེད་རང་འགྲོ་ཐུབ་ཀྱི་མ་རེད་ཟེར་ན། ཏན་ཏན་བཀག་གི་རེད། ང་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་ཆོག་གི་རེད་ཟེར་ནས་ཐོབ་ཐང་སྤྲད་མེད། གཅིག་བྱས་ནས་འདི་ནས་ཀ་ཅ་རི་ཉེན་རྟོག་ལས་ཁུངས་ཀྱིས་འཛིན་གྱི་རེད། བཟུང་ཡང་ཉི་མ་གཅིག་ལ་ཁོང་ཚོས་ང་གློད་ཀྱི་རེད། ཡང་བསྐྱར་ང་འགྲོ་ཡི་རེད། ངས་སེམས་ཐག་བཅད་པ་ནས་བཟུང་། ངའི་མི་ཚེའི་རིང་ལ་མི་རིགས་གི་རང་དབང་དང་ཞི་བདེ། ༧གོང་ས་མཆོག་བོད་ལ་ཆིབས་སྒྱུར་བསྐྱང་རྒྱུ་བཅས་ཀྱི་ཆེད་དུ། ངའི་ལུས་ངག་ཡིག་གསུམ་པོ་འདི་མི་རིགས་ལ་ཕུལ་བཞག་ཡིན། ངས་ཐེངས་གཅིག་འགྲོ ཐེངས་གཉིས་འགྲོ ཉི་མ་གཅིག་ལ་རྒྱ་གར་གཞུང་གི་ལག་མ་ཁེལ་བར། ཁྲིམས་ཁང་ནང་བཞག་ནས་ནད་ན་ཚ་བྱུང་སྟེ་ཤི་ན་གནས་ཚུལ་ལོག་ཀ་རེད། དེ་ང་རང་གི་ནོར་འཁྲུལ་མ་རེད། ལམ་བར་ནས་ཤི་རྐྱེན་སོགས་བྱུང་ན་གནས་ཚུལ་ལོག་ཀ་རེད། ངའི་ཞི་བའི་འབོད་ཚིག་ལྔ་དེ་དྲ་རྒྱ་དེ་ཚོའི་ནང་ལ་བཀོད་བཞག་ཡོད། མི་མང་པོ་ཞིག་གི་མཐོང་ཡོད་པ་རེད། སྐད་ཡིག་མང་པོའི་ནང་ལ་བསྒྱུར་རྒྱུའི་ཐབས་ཤེས་བཏང་ཡོད།
དྲི་བ། སྐུ་ཉིད་ཀྱིས་མཉམ་ཞུགས་བྱེད་མཁན་ཡོད་ན་ཤོག་ཅེས་ཁྱབ་བསྒྲགས་བྱས་འདུག དེ་ཚོས་གྲ་སྒྲིག་ག་རེ་དགོས་པ་རེད།
ལན། ཞི་བའི་གོམ་བགྲོད་གཞན་དང་མ་འདྲ་བའི་གོམ་བགྲོད་ཡིན། ཚོགས་པ་ཁག་དང་། མི་སྒེར་པས་ང་ལ་རྒྱབ་སྐྱོར་དགོས་ཀྱི་ཡོད་དམ་ཟེར་ན། ཞི་བའི་འབོད་ཚིགས་ལྔ་ལ་མོས་འཐུས་ཡོད་མཁན་གྱི་མི་ཡིན་ན་ང་ལ་རྒྱབ་སྐྱོར་བྱས་ན་འགྲིག་གི་ཡོད། མི་མང་ནང་ནས་ང་མཉམ་ཞུགས་བྱེད་ཀྱི་ཡིན་ལབ་པ་ཙམ་གྱིས་འགྲིག་གི་མ་རེད། སོ་སོས་ཡོད་ཚད་བློས་བཏང་ནས། ཉི་མ་དེ་རིང་ནས་བཟུང་ངས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡིན་ཟེར་ནས་སེམས་ཐག་བཅད་ཡོད་ན། དགའ་བསུ་ཡོད།
དྲི་བ། ལམ་གྲོན་ག་འདྲ་བྱེད་རྩིས་ཡོད།
ལན། ལམ་གྲོན་འདང་ཙམ་སོ་སོས་བསགས་ཡོད། ཡིན་ན་ཡང་ཐག་རིང་ན་ཡོད་པ་མི་ལྷག་བསམ་ཅན་ཁ་ཤས་ཀྱིས་སྤོབས་པས་མ་འདང། བོད་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་སྤར། ང་འགྲོ་ཐུབ་ཀྱི་མི་འདུག ཡིན་ནའང་ཡང་དཀར་ཐིག་ཙམ་ཞིག་འབུལ་གྱི་ཡིན་ཟེར་ན། ངའི་ཞི་བའི་འབོད་ཚིག་ལྔ་ལ་མོས་མཐུན་ཡོད་ན་དང་ལེན་བྱེད་རྒྱུ་ཡིན།
དྲི་བ། གལ་སྲིད་བོད་དུ་སླེབས་ན་ག་རེ་བྱེད་རྩིས་ཡོད་དམ།
ལན། བོད་དུ་སླེབས་ན་སྐད་ཆ་གཅིག་རང་རེད། གཅིག་བྱས་ན་ང་རྒྱ་མིས་གསོད་སྲིད་པ་རེད། གཅིག་བྱས་ན་བཙོན་བཅུག་བྱེད་སྲིད་པ་རེད། བོད་ལ་སླེབས་ཚར་ན་ངའི་རྨི་ལམ་འགྲུབ་ཚར་བ་རེད། བོད་མི་མང་གིས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག ང་ཚོས་མེར་བསྲེག་བཏང་ནས་ཁ་ཆེམས་སྒྲུབ་མཁན་འདུག་བསམ་པའི་བསམ་བློ་དེ་སྤྲད་ཚར་བ་རེད། ཁོང་ཚོ་ཚང་མ་གཉིད་ཁུག་མི་འདུག ཁོང་ཚོ་སོ་སོའི་དཔལ་འབྱོར་དང་མི་ཚང་གི་ཙག་ཙིག་དག་གི་ཆེད་དུ་མགོ་འཁོར་ནས་སྡད་མི་འདུག་བསམ་གྱི་རེད།
དྲི་བ། ཞི་བའི་འབོད་ཚིག་ལྔ་ཟེར་བ་དེ་གང་ཡིན་ནམ།
ལན། གཅིག ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། གཉིས། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། གསུམ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། བཞི། བོད་མིར་རང་ཡུལ་ནས་ཆས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ལྔ། ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་དགོས་རྒྱུ་བཅས་ཡིན།
༢༠༡༢ ལོའི་ཕྱི་ཟླ་༣ ཚེས་༥ ཉིན་བཅར་འདྲི་བྱས།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་ ༡༩༧༧ ལོར་བོད་མདོ་སྨད་བླ་བྲང་དུ་སྐྱེས། ྨྱུག་མིང་ལ་མི་འགྱུར་གངས་ཕྲུག་ཟེར། ༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་གསོག་སྒར་སློབ་གྲྭ་རུ་སློབ་སྦྱོང་བྱས། ༢༠༠༨ ལོ་ནས་ཨེ་ཛི་རལ་རྒྱལ་ཁབ་ཏུ་ཕྱིན་ཏེ། ད་ལྟ་ཁོང་གཟའ་མི་གཉིས་ལ་ལ་ལོ་ ༣ ཅན་གྱི་བུ་མོ་ཞིག་དང་ཟླ་ ༦ ཅན་གྱི་བུ་ཞིག་བཅས་ཡོད་འདུག
———
Back