མགོན་མེད་ལྟ་བུ་རེད

18/11/2009 15:58

ང་ཚོ་བཙན་བྱོལ་བ་ཆགས་ནས་སྐྱབས་མེད་མགོན་མེད་ལྟ་བུ་རེད

རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་ནས་བོད་དོན་ཐག་གཅོད་དེ་ཤི་འགྲོ་ཡི་རྩ་བ་ཉིད་ནས་མ་རེད། བོད་མི་རང་ཉིད་

ཀྱིས་འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་གལ་ཆེན་པོ་ཞེ་དྲག་རེད་ཅེས་༧གོང་ས་མཆོག་གིས་བཀའ་སློབ་

གནང་འདུག ༸གོང་ས་མཆོག་རྒྱ་གར་ཨ་རུ་ན་ཅལ་དུ་ཆིབས་བསྒྱུར་གནང་བ་དང་སྟབས་བསྟུན། ཟླ་འདིའི་ཚེས་

༡༣ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་བསྟན་འཛིན་སྒང་དང། འབུམ་སྡེ་ལ་སོགས་ཀྱི་བོད་མི་ཚོར་ཟུར་དུ་མཇལ་ཁ་གནང་

བ་དང། བཀའ་སློབ་གནང་བ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བའི་ནང་འཁོད་དོན།

༧གོང་ས་མཆོག་གིས།ད་ཐེངས་མོན་ལ་འགྲོ་བའི་སྐབས་ང་ཚོ་བཙན་བྱོལ་གྱི་གཞིས་ཆགས་ཁག་ལ་འགྲོ་རྒྱུའི་དུས་

ཚོད་རག་གི་མི་འདུག ཁྱེད་རང་ཚོར་འཁྱུག་ཙམ་ཐུག་ཐུབ་ན་བསམས་པ་རེད། ཁ་སང་མོན་རྟ་དབང་དུ་ཡང་བྲེལ་

བ་ཆེན་པོ་རེད་མོད། དེར་བོད་རིགས་ཉུང་ཤས་ཡོད་པ་རེད། ཁོང་ཚོར་དེར་ལྷ་ཁང་ཆུང་ཆུང་ཞིག་ཡོད་པ་རེད། སྔོན་

མ་ང་དེར་ཕྱིན་པ་ཡིན་ལ། ཞོགས་པ་ཁོང་ཚོར་ཐུག་ཏུ་ཕྱིན་པ་ཡིན། ང་ཚོ་བོད་པ་ཚོ་བཙན་བྱོལ་བ་ཆགས་བསྡད་ཡོད་

པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོ་རང་ཡུལ་དང་བྲལ་བ་དང། རང་ཡུལ་དུ་མི་རབས་གཉིས་གསུམ་

ཞིག་གི་རིང་ལ་སྡུག་བསྔལ་མྱངས་ནས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་སྐྱབས་མེད་མགོན་མེད་

ལྟ་བུ་རེད། ཁྱེད་རང་ཚོས་བློ་གཏོད་ས་དེ་ང་རེད། ངའི་ངོས་ནས་བོད་རྒྱ་ཆེའི་མི་མང་གི་བདེ་བ་སྡུག་བསྔལ་དེ་ནམ་

ཡང་བརྗེད་ཐབས་ཡོད་པ་མ་རེད། བཙན་བྱོལ་བ་ཚོར་ཐུག་དགོས་པ་དེ་ངའི་ལས་འགན་རེད། དུས་ཚོད་ཀྱིས་མ་ཁོམ་

ན་གནས་སྟངས་ཁ་ཁ་རེད་ཅེས་དང། ཡང་ཁོང་གིས་བོད་པ་ཚོར་མི་རིགས་ཀྱི་སྤོབས་པ་དགོས་པའི་སྐོར་ལ་བཀའ་

སློབ་གནང་དོན།ང་ཚོ་བོད་པ་ཚོར་རྐྱེན་ངན་གྱི་གོད་ཆག་བྱུང་ནས་ལོ་དྲུག་ཅུ་འགྲོ་ཡི་ཡོད་པ་རེད། ཨ་མདོ་དང་

ཁམས་ཁུལ་དུ་༡༩༤༩ ལོ་ནས་འགོ་ཚུགས་པ་རེད། དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཀྱི་ས་ཆ་ལ་༥༠ ལོ་རེད། ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ནས། ལོ་དགུའི་རིང་འཁྱལ་འཁྱོལ་གྱིས་ཕྱིན་པ་རེད། དེ་ནས་གནམ་གྱིས་ས་བརྡུང་བ་ནང་བཞིན་གནས་ཚུལ་ཞིག་བྱུང་ནས། ཐབས་ཤེས་གང་ཡང་མེད་པའི་ཐོག་ནས་

མཐའ་མ་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། སེམས་སྐྱོ་པོ་རེད། བཙན་བྱོལ་བ་ཟེར་དུས་འཛམ་བུ་གླིང་གིས་སྐྱོ་པོ་ལ་

བརྩི་ཡི་འདུག རེད་ཀྱང་རེད། ཡིན་ནའང། བཙན་བྱོལ་བ་ས་ཡ་མང་པོའི་ནང་ནས་བོད་མི་བཙན་བྱོལ་བ་འདྲ་འདྲའི་

ནང་གི་མ་འདྲ་བ་ཞིག་བསྡད་ཡོད་པ་རེད། གཙོ་ཆེ་ཤོས་བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་སྙིང་སྟོབས་ཞེ་དྲག་ཡག་

པོ་རེད་འདུག བོད་ནང་ལ་ཆ་བཞག་ནའང། ལོ་དེ་གའི་རིང་ལ་དཀའ་ངལ་ཞེ་དྲག་འཕྲད་པ་རེད།

རྒྱ་ནག་གུང་ཁྲན་ཏང་གིས་བོད་མིའི་ཐོག་འཇམ་རྩུབ་ཐབས་ཤེས་སྣ་ཚོགས་ཤིག་སྤྲད་ཡོད་པ་རེད་མོད། བོད་གཞིས་

ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་ཧ་ལས་པ་རེད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་ཀྱང་མྱོང་བ་དང་ལེན་གྱི་ཐོག་

ནས་བོད་རྒྱ་ཆེའི་མི་མང་གི་ཚབ་ཕལ་ཆེར་འགྲུབ་ཡོད་པ་རེད་ལ། གྲུབ་འབྲས་ཡག་པོ་རེད་བསམ་གྱི། དེར་བརྟེན། ད་ལྟ་

བར་བོད་གངས་ཅན་པ་ཕྱི་ནང་གི་བོད་པ་ཚང་མས་ང་ཚོའི་མེས་པོ་ཚོའི་ཞབས་འདྲེན་ཞུས་ཡོད་པ་མ་རེད། ཁྱེད་ཚོ་ཚང་

མས་བོད་པ་ཡིན་བསམ་པའི་འདུ་ཤེས་བཞག་ནས། སོ་སོར་སྤོབས་པ་བྱེད་ཀྱི་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་

ཐབས་སྐྱོ་པོ་རེད་མོད། རླབས་ཆེན་མི་རིགས་ཤིག་ཆགས་བསྡད་ཡོད་པ་རེད། བློ་བདེ་པོ་གྱིས། སེམས་སྐྱིད་པོ་གྱིས། སྤོབས་པ་

གྱིས་ཤོག་ཅེས་གསུངས་ཡོད་པ་རེད།
བོད་མི་ཚོས་ཤེས་ཡོན་ལ་དོ་སྣང་དགོས་པ་དང། འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་གལ་ཆེན་པོ་ཡིན་སྐོར་

གསུང་དོན།ང་ཚོར་བདེན་པ་ཡོད་པས། འཐབ་རྩོད་དེ་འཚེ་བ་མེད་པའི་ལམ་དུ་འགྲོ་ཡི་ཡོད་པ་རེད། རྒྱ་མི་གུང་ཁྲན་

ལ་བདེན་པ་མེད་པས། རྒྱུ་མཚན་བཤད་རྒྱུ་མེད་དུས་དྲག་གནོན་དང། གདུག་རྩུབ་ཀྱིས་གནོན་པ་མ་གཏོགས་མི་འདུག རྒྱུ་མཚན་ཡོད་ན་མི་སུ་ཡིན་ནའང་བཤད་ས་ཞིག་ཡོང་གི་རེད། ང་ཚོའི་འཐབ་རྩོད་དེ་མཐའ་གཅིག་ཏུ་འཚེ་བ་མེད་

པའི་ལམ་ལ་འགྲོ་ཡི་ཡོད་པ་རེད་ལ། འགྲོ་དགོས་པའང་རེད། འཚེ་བའི་ལམ་ལ་བརྟེན་ནས་ཕྱིན་པ་ཡིན་ན་རང་ཤི་

བརྒྱབ་པ་དང་གཅིག་པ་རེད། འཚེ་བ་མེད་པའི་ལམ་ནས་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་ལ་ཤེས་བྱ་ཡོན་ཏན་དགོས་

པ་རེད། ཡོན་ཏན་མེད་ན་ལྷག་བསམ་དང་ཞེན་ཁོག་ཡོད་ནའང་བྱེད་རྒྱུ་གང་ཡང་མི་འདུག བོད་ཀྱི་དོན་དག་དེ་བོད་

མི་ས་ཡ་དྲུག་གི་བདེ་དོན་རེད་མ་གཏོགས། རྒྱལ་བ་རིན་པོ་ཆེའི་དོན་དག་མ་རེད། བོད་མི་ས་ཡ་དྲུག་གི་བདེ་དོན་དེ་བོད་མི་ས་ཡ་དྲུག་མ་རྫོགས་བར་དུ་ཐག་གཅོད་བྱེད་རྒྱུ་རེད་མ་གཏོགས། རྒྱལ་བ་རིན་

པོ་ཆེ་ཡོད་ན་ཐག་གཅོད་ཡོད་པ་དང། རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་ནས་བོད་དོན་ཐག་གཅོད་དེ་ཤི་འགྲོ་ཡི་རྩ་བ་

ཉིད་ནས་མ་རེད་ཅེས་ངས་བཤད་བསྡད་ཡོད། བོད་མི་རང་ཉིད་ཀྱིས་འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་གལ་

ཆེན་པོ་ཞེ་དྲག་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།