མཇུག་སྡོམ་མ་ཐུབ་པའི་

21/09/2009 16:45

མཇུག་སྡོམ་རྒྱག་མ་ཐུབ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ།
བོད་ཀྱི་དུས་བབ།

གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་གི་ཐད། གྲོས་ཚོགས་འཐུས་མི་ནང་ཁུལ་

དགོངས་ཚུལ་མ་མཐུན་པར་སྤྱི་འཐུས་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། ཐེངས་གསུམ་ལ་ཚོགས་

འདུ་མཇུག་སྐྱོང་གི་ཐབས་ཤེས་གནང་ཡང་། གྲོས་ཚོགས་འཐུས་མིའི་གསུམ་ཆ་གཉིས་མ་ཚང་སྟབས།  མཐར་སྐབས་

བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེད་མེད་བར་ཚོགས་གསེང་མི་གཏོང་

ཐབས་མེད་བྱུང་ཡོད།

         

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་ ༡༢ པ་སྟེ།  ཕྱི་

ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག བོད་མི་མང་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་

པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད། སྤྱི་འཐུས་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟེ། གྲོས་

ཚོགས་འཐུས་མི་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་

བས་གྲོས་ཚོགས་དུས་མིན་གྱིས་གྲོལ་དགོས་བྱུང་ཡོད།

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ དང་ ༡༡ བཅས་ཐེངས་གཉིས་ལ་གྲོས་ཚོགས་ཀྱི་ཉིན་མཐའ་མའི་ཚོགས་འདུ་

མགོ་འཛུགས་ལ་ཐབས་ཤེས་བྱས་ཀྱང་། སྤྱི་འཐུས་ ༢༥ ལས་མ་བྱུང་བར་གྲོས་ཚོགས་འཐུས་མིའི་གསུམ་ཆ་གཉིས་ཚང་

མེད། སྐབས་དེར་ཚོགས་གཙོ་མཆོག་གིས་གྲོས་ཚོགས་འཐུས་མིའི་གསུམ་ཆ་གཉིས་ཚང་མི་འདུག ད་ལྟ་ཉིན་ཕྱེད་ལས་

ལྷག་མེད་སྟབས། ལས་རིམ་གང་ཡོད་མཚམས་འཇོག་གིས་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་ཐོག་སྤྱི་འཐུས་ཀྱི་གསུམ་

ཆ་གཉིས་ཚང་བ་ཡིན་ན། མཇུག་སྡོམ་གཅིག་པུར་ཐབས་ཤེས་བྱ་རྒྱུ་ཡིན། ཞེས་གསུངས་སོང་། འོན་ཀྱང་། ཉིན་རྒྱབ་ཆུ་

ཚོད་ ༡ དང་ཕྱེད་ཀའི་ཐོག་སྔར་བཞིན་སྤྱི་འཐུས་ ༢༧ ལས་ཕེབས་མེད་སྟབས།    གྲོས་ཚོགས་ཚོགས་དུས་བརྒྱད་པའི་

མཇུག་སྡོམ་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་གཏོང་དགོས་བྱུང་ཡོད།
            

སྐབས་དེར་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཐེངས་འདིའི་གནད་དོན་ཐད་བཅར་

འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ལ་

བལྟས་ན། ད་ལྟའི་བར་གྲོས་ཚོགས་ནས་འཐུས་མི་ཕྱིར་ཐོན་ཏེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བའི་གནས་སྟངས་འོག

གྲོས་ཚོགས་ཚོགས་མ་ཐུབ་པ་དེ་འདྲ་རྩ་བ་ནས་བྱུང་ཡོད་པ་མ་རེད། འདི་གནས་སྟངས་གསར་པ་ཞིག་རེད། དམངས་

གཙོའི་འཕེལ་རིམ་གྱི་ངོས་ནས་བློ་ཕམ་གྱི་རང་བཞིན་ཞིག་རེད། བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གནད་དོན་

འདི་འདྲའི་སྐབས་སུ་ཚོགས་འདུ་མཇུག་སྒྲིལ་སྟངས་གསལ་བོ་མི་འདུག་མོད།     ཚོགས་འདུ་སྔ་མའི་སྐབས་ཀྱི་གཞུང་

འབྲེལ་ལས་རིམ་ལྷག་བསྡད་པ་ཡིན་ན། གྲོས་ཚོགས་ཚོགས་དུས་རྗེས་མར་འཁྱེར་དགོས་པའི་གནས་སྟངས་ཆགས་ཀྱིན་

ཡོད་སྟབས། ཉུང་མཐར་ཟླ་བ་དྲུག་རིང་ཕྱིར་འགྱངས་བྱ་དགོས་པ་ཆགས་ཡོད།

ཁ་སང་གྲོས་ཚོགས་ནང་དུ་ཚོགས་གཙོ་ཚོགས་གཞོན་དང་། ལས་རིམ་ཚོགས་ཆུང་གི་ལས་ཀ་བྱེད་སྟངས་འགྲིག་གིན་

མི་འདུག ཅེས་བཀའ་མོལ་མང་པོ་བྱུང་སོང་། འགའ་རེ་ཡིས་གྲོས་འཆར་འདི་ཕྱིན་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་ཀྱིས་

དགོངས་པ་ཞུ་དགོས་པ་རེད་གསུངས་ཡོད། འོན་ཀྱང་།       ཚོགས་གཙོའི་ལྟ་སྟངས་བྱས་ན། སྤྱི་འཐུས་རྒྱུན་ལས་ཀྱིས་

དགོངས་པ་ཞུ་དགོས་པ་གང་ཡང་མཐོང་གི་མེད། གལ་སྲིད་གནད་དོན་འདིའི་དབང་གིས་གྲོས་ཚོགས་འཚོགས་མ་

ཐུབ་པའི་གནས་སྟངས་མུ་མཐུད་དེ་གནས་པ་ཡིན་ན། ༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་དེ་རེད། ༧རྒྱལ་བ་རིན་པོ་

ཆེ་ཡིས་གནས་སྟངས་གསལ་བཤད་གནང་སྟེ། ཁྲིམས་ཞིབ་པ་ཆེ་བ་དང་བཀའ་བློན་ཁྲི་པ། ཚོགས་གཙོ་ཚོགས་གཞོན་

བཅས་གོ་བསྡུར་གནང་རྒྱུའི་ལམ་ཁ་ཞིག་ཡོད།
             

ཐབས་སྐྱོ་བོ་ཞིག་ལ་དེ་རིང་གི་ལས་རིམ་འགྲོ་ཐུབ་ཡོད་པ་མ་རེད།   ཉིན་མཐའ་མའི་ལས་རིམ་འགའ་ཞིག་ཕྱིར་

འགྱངས་བྱ་དགོས་པ་ཆགས་སོང་། ཐེངས་འདིར་ལྷག་སོང་བའི་ལས་རིམ་ནང་གཞུང་འབྲེལ་གྲོས་འཆར་ཁ་ཤས་ཡོད།

གཅིག་དེ་བོད་རྒྱལ་ཡོངས་ཚོགས་ཆེན་སྐོར་རེད། དེ་སྤྱི་ཟླ་གསུམ་པའི་གྲོས་ཚོགས་ནང་འཁྱེར་དགོས་པ་ཆགས་ཡོད། སྤྱི་

འཐུས་ཚོ་ས་གནས་ཁག་ལ་འཚམས་གཟིགས་སུ་ཕེབས་པའི་ལས་སྡོམ་སྐོར་གྱི་དྲི་བ་ཁག་ཅིག་གི་བཀའ་ལན་ལྷག་ཡོད་

པ་རེད། འོན་ཀྱང་། དེ་ལ་གནད་འགག་ཡོད་པ་མ་རེད། སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་བཀའ་ཤག་ལ། བཀའ་ལན་

ཡིག་ཐོག་ནས་གནང་རོགས་ཞུས་པ་ཡིན་ན་འགྲིག་འགྲོ་བ་ཞིག་རེད། ཅེས་གསུངས་སོང་

ཡང་གྲོས་འཆར་དེར་ཐོག་མར་དགག་བྱ་གནང་མཁན་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་སུ་ཐེངས་འདིའི་གནད་

དོན་ཐད་དགོངས་ཚུལ་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས་ལན་འདེབས་གནང་དོན། ཐེངས་འདིའི་གནད་

དོན་དེའི་ཐོག་ལ་སྤྱི་འཐུས་ཚང་མས་བསམ་བློ་གཏོང་དགོས་པ་གནད་འགག་ཆེན་པོ་རེད། ང་རང་གི་བསམ་ཚུལ་

ལ།    འདིའི་རྗེས་སུ་བཞུགས་མོལ་ཚོགས་འདུ་དེ་འདྲའི་ཐོག་ནས་གོ་བསྡུར་སྦྱང་བཤད་གནང་དགོས་པ་རེད་དྲན་

ཡོད། རང་གཞན་གཉིས་ཐོག་ནས་འདི་འདྲ་ཞིག་ཡོང་གི་རེད་བསམ་ཡོད་པ་མ་རེད། མ་འོངས་པར་གནས་སྟངས་

གང་འདྲ་ཆགས་པ་བཤད་ཚོད་ཐུབ་ཀྱིན་མི་འདུག འོན་ཀྱང་། ཚོགས་དུས་རྗེས་མ་བར་འགྱུར་བ་ཞིག་ཐེབས་མི་སྲིད་

པ་མ་རེད་དྲན་ཡོད། སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཡོང་གི་རེད། གསལ་བཤད་བྱེད་སྐབས་ཕྱོགས་ཚང་མ་ནས་

གསལ་བཤད་བྱ་དགོས་པ་རེད། དྲང་བདེན་གྱི་ལས་ཀ་བྱེད་མཁན་ཚོས་ལམ་སྟོན་ཕེབས་པའི་འོག གནས་སྟངས་ལ་

འགྱུར་བ་ཐེབས་པ་དེ་འདྲ་ཡོང་སྲིད་པ་རེད། དེ་ལ་ཚང་མས་བསལ་བློ་གཏོང་དགོས་པ་ཞིག་རེད་སྙམ།

ཞེས་གསུངས་སོང་

ཡང་གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་སུ་བཅར་འདྲི་ཞུས་སྐབས་མོས་གསུངས་དོན། སྤྱི་འཐུས་

རྒྱུན་ལས་ཀྱི་ངོས་ནས་ཐག་གཅོད་འདྲ་བྱུང་བ་ཡིན་ན། ང་ཚོ་གྲོས་འཆར་འདོན་མཁན་གྱི་ངོས་ནས་མཁྲེགས་འཛིན་བྱ་

དགོས་དོན་ཡོད་པ་མ་རེད། དེ་ལྟར་ཡོང་རྒྱུར་རེ་བ་རྒྱག་གིན་ཡོད། ང་ཚོའི་ངོས་ནས་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་

དེ་འགྲིག་མི་འདུག་ཅེས་གྲོས་འཆར་དེ་བཏོན་པ་རེད་ལ། སྤྱི་འཐུས་གཞན་པ་མང་པོ་ཞིག་གིས་ཀྱང་རྒྱབ་སྐྱོར་གནང་བ་

རེད། གྲོས་འཆར་དེ་འགྲིག་གིན་མེད་ན། གྲོས་ཚོགས་ནང་ནས་གསུང་དགོས་པ་རེད་སྙམ། གྲོས་ཚོགས་ནས་ཕྱིར་ཐོན་པ་

དེ་ཏག་ཏག་བསྡད་ཡོད་པ་མ་རེད་དྲན་ཡོད། ཅེས་གསུངས་བྱུང་

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་བཀོད་དོན། བཅའ་སྒྲིག་དང་ལམ་ལུགས་དགོངས་དོན་

ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་

ཕུད་ཕྱིའི་རྒྱལ་ཁབ་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྲོལ་མེད་གཤིས།    ཁུངས་སོ་སོར་འདེམས་ཐོན་

བྱུང་བའི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་བྱས་པ་བྱུང་ཚེ། སྔར་ལམ་ལྟར་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས།

གཞུང་གྲོན་གཏོང་ལུགས་མེད་པས་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་དངོས་གཞིའི་

ནང་བཀོད་དོན། རྒྱལ་བལ་འབྲུག་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོ་སོར་འོས་འདེམས་བྱུང་

བའི་སྤྱི་འཐུས་ཞིག་གོང་གསལ་ལས་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱག་རང་

འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་མི་ཆོག་པའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། ཞེས་བཀོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།