མི་ཉི་ཤུ་འཛིན་བཟུང་།
01/09/2009 17:17
བོད་མི་ཉི་ཤུ་འཛིན་བཟུང་།
ཟླ་སྔོན་མའི་ཚེས་ ༢༧ ཉིན་རྫ་ཆུ་ཁའི་ཕྱག་ཚ་ས་གནས་ཉེན་རྟོག་ཁང་གི་རྒྱལ་དར་མར་ཕབ་ཅིང་། བོད་རང་བཙན་
གྱི་ཡི་གེ་བྲིས་པ་དང་། ཕྱི་ཚེས་ ༢༨ ཉིན་ཕྱག་ཚ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་འདུ་ཁང་དབུ་འབྱེད་སྐབས། ༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བ་སོགས་ཀྱིས་ཁུལ་དེའི་བོད་མི་ ༢༠ འཛིན་བཟུང་བྱས་ཡོད་འདུག
སྤྱི་ཟླ་ ༨ ཚེས་ ༢༧ ཉིན་གྱི་དགོང་མོ་ཁམས་རྫ་ཆུ་ཁའི་ཕྱག་ཚ་ས་གནས་ཀྱི་ཉེན་རྟོག་ཁང་གི་ཁང་སྟེང་དུ་ཡོད་པའི་
རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། དུམ་བུ་མང་པོར་བཏང་བའི་ངོས་སུ་བོད་རང་བཙན་གཙང་མ་ཡིན་ཞེས་བྲིས་ཏེ་
ཁུལ་དེའི་ཉེན་རྟོག་ཁང་གི་སྒོ་འགྲམ་དང་། ལམ་ཁའི་གཡས་གཡོན་སོགས་སུ་གཡུག་ཡོད་འདུག་ལ། ཕྱི་ཚེས་ ༢༨
ཉིན་ཕྱག་ཚ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་འདུ་ཁང་གསར་པའི་སྒོ་འབྱེད་མཛད་སྒོའི་ཐོག་སེར་སྐྱ་མི་མང་
སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་གླུ་གཞས་འཁྲབ་སྟོན་ཞུས་ཡོད་འདུག་ལ། སྐབས་དེར་རང་ལོ་ ༡༤ ཡིན་པའི་
པན་ཚ་ཟེར་བའི་སློབ་ཕྲུག་ཅིག་གར་སྟེགས་སུ་བུད་དེ། ལྷ་ས་ནོར་བའི་གླིང་ལ། །ནོར་བུ་མེད་ཀི་མ་ཟེར། །རྒྱལ་བ་
བསྟན་འཛིན་རྒྱ་མཚོ། །ནོར་བུ་མིན་ན་ཅི་ཡིན། །ཞེས་པའི་གཞས་ཤིག་བཏང་ཡོད་འདུག་ལ། ཁོང་གི་གཅུང་པོ་བསོད་
ནམས་རབ་བརྟན་དང་། ཡ་གར་དང་། སྨེ་མེ། ཟླ་བ་སོགས་ན་གཞོན་ཁག་ཅིག་གིས་ཀྱང་མུ་མཐུད་དེ་༸སྐྱབས་མགོན་
ཡིད་བཞིན་ནོར་བུ་དྲན་པའི་གདུང་བ་མཚོན་པའི་གླུ་གཞས་མང་པོ་བཏང་ཡོད་འདུག
གནད་དོན་དེ་དག་གི་རྐྱེན་པས་ཕྱི་ཚེས་ ༢༩ དང་ ༣༠ སོ་སོར་རྒྱ་གཞུང་གི་ཉེན་རྟོག་པས་ཁྱོན་བོད་མི་ཉི་ཤུ་འཛིན་
བཟུང་བྱས་ཡོད་འདུག དེ་དག་ནི་ཕྱག་ཚ་དགོན་པའི་དགོན་བདག་སྤྲུལ་སྐུ་བདེ་ཆེན་འཕྲིན་ལས་རིན་པོ་ཆེ་མཆོག་
དང་། དགེ་སྐོས་བསྟན་པོ། འཕྲིན་ལས་ཉི་མ། བུ་ཡག ཡ་གར། སྨེ་མེ། ཟླ་བ། ཟླ་རྒྱམ། གཞན་ད་དུང་མིང་བརྩད་མ་ཆོད་
པའི་མི་དྲུག་བཅས་ཡོད་པ་དང་། ཐར་ཤུལ་སྡེ་བའི་པན་ཚ་དང་། བསོད་ནམས་རབ་བསྟན། ཐུབ་བྷོ། ས་སྐྱོང་། ཞུ་བྷ།
བསོད་ནམས་བཅས་ཡིན་འདུག དེ་དག་གི་ཁྲོད་ནས་ཁག་ཅིག་རྒྱ་ནག་གི་རྒྱལ་དར་མར་ཕབས་མཁན་གྱི་དོགས་
ཡོད་ཉེས་ཅན་པར་ངོས་འཛིན་བྱས་འདུག་པ་དང་། ལོ་ ༡༤ ཙམ་ལ་སོན་པའི་པན་ཚ་དང་། ལོ་བཅུ་ཙམ་ལ་སོན་
པའི་བསོད་ནམས་རབས་བརྟན། ལོ་བཅུ་གསུམ་ཙམ་ལ་སོན་པའི་གྲྭ་ཕྲུག་གཅིག ཡ་གར། སྨེ་མེ། ཟླ་བ་སོགས་སྐོར་ཅིག་
༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བའི་རྐྱེན་གྱིས་འཛིན་བཟུང་བྱས་སྐོར་མི་མིང་གིས་རྗོད་ཀྱིན་ཡོད་འདུག ཕྱི་ཚེས་
༣༠ ཉིན་ཁམས་རྫ་ཆུ་ཁའི་སེར་ཤུལ་རྫོང་གི་ཉེན་རྟོག་རུ་ཁག་གི་རླངས་མཁོར་ཉི་ཤུ་རྩ་གྲངས་ཕྱག་ཚ་སྡེ་བ་དང་།
ཕྱག་ཚ་དགོན་པ། ཐར་ཤུལ་སྡེ་བ་བཅས་སུ་འབྱོར་ཏེ་ད་དུང་བོད་མི་སྐོར་ཅིག་འཛིན་བཟུང་བྱ་རྒྱུ་སྐོར་བརྗོད་དེ། རྩད་
གཅོད་བྱེད་བཞིན་ཡོད་འདུག་ལ། ཁྱིམ་ཚང་དག་གང་བྱུང་དུ་བསྔོག་གཤེར་དང་རྡུང་འརྡེག་བྱེད་བཞིན་ཡོད་འདུག
གོང་གི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་འཇིགས་བྲལ་བསྟན་འཛིན་ཡིན།
———
Back