མི་ལྔ་ལ་ཁྲིམས་ཆད།

24/11/2008 00:53

 

བོད་མི་ལྔ་ལ་ཁྲིམས་ཆད།

འདོན་སྤེལ། ༢༠༠༨/༡༡/༢༤

འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།  ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པའི་ཉེས་མིང་འོག རྨ་ཆུ་རྫོང་དུ་བོད་མི་ལྔ་ལ་ལོ་ ༤ ནས་ ༡༤ བར་གྱི་ཁྲིམས་ཐག་བཅད་འདུག

རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་༢༠༠༨ ཧོར་ཟླ་༡༠ ཚེས་༡༦ ཉིན་རྨ་ཆུ་རྫོང་དུ་བོད་མི་ཞི་རྒོལ་བ་རྨ་ཆུ་རྫོང་མཚེ་རུ་མ་ཞང་དམེ་སྐོར་གྱི་མགོན་པོ་ཚེ་ཁོ་༼རང་ལོ་༢༨༽ལ་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་གཙོ་བོའི་ཉེས་མང་བཙན་འགེལ་གྱིས་ལོ་༡༤ ཁྲིམས་གཅོད་བྱས་ཡོད་པ་དང༌། རྨ་ཁུག་རྟ་རའི་ཚ་ཚ་ཚང་གི་ཚེ་ཁོ་ལ་ཁྲིམས་ཆད་ལོ་༥ ། སྨད་མ་ཞང་བློ་གཅོད་ཚང་གི་རྡོ་རྗེ་ལ་ཁྲིམས་ཆད་ལོ་༤ བཅས་བཅད་ཡོད་ཅིང༌། ཁོང་ཚོའི་ཉེས་མིང་གཙོ་བོ་ནི་རྒྱལ་ཁབ་དང་མི་དམངས་ཀྱི་རྒྱུ་དངོས་ལ་གྱོང་རྒུད་ཚབས་ཆེན་གཏོང་མཁན་གྱི་ཁྲིམས་འགལ་ཉེས་མིང་བཙན་འགེལ་བྱས་ཡོད་འདུག ཁོང་ཚོ་གསུམ་འཛིན་བཟུང་བྱ་ཡུལ་རྨ་ཆུ་རྫོང་དུ་ཡིན་ཚུལ་ལས་འཛིན་བཟུང་དུས་ཚེས་གསལ་བོ་ཤེས། 

 ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༢ ནས་༢༣ བར་འཛིན་བཟུང་བྱས་པའི་རྨ་ཆུ་སྨད་མ་ཞང་མཚན་སྒྲོག་དགོན་གྱི་གྲྭ་གསར་པ་ཚང་བློ་གྲོས་ལ་སྨད་ཞང་གི་སྒེར་ལངས་ཀྱི་སྣེ་ཁྲིད་གཙོ་གྲས་ཡིན་ཚུལ་གྱི་ཉེས་མིང་འོག་ཁྲིམས་ཆད་ལོ་༡༢ བཅད་ཡོད། ཁོང་ལ་ཁྲིམས་གཅོད་དུས་ཚེས་ཧོར་ཟླ་༡༠ ཚེས་༡༥ ཡིན་འདུག དེ་བཞིན་རྨ་ཆུ་སྨད་ཞང་མཚན་སྒྲོག་མཐའ་བ་ནས་ཡིན་པའི་སྤུས་སྦྱིན་ཚང་དཀོན་མཆོག་ལ་ཁྲིམས་ཆད་༡༠ ཡོད། འཛིན་བཟུང་བྱ་ཡུལ་སྨད་མ་ཞང་ཐོག་ཡིན།
 དེ་བཞིན་ཕྱི་ལོ་༢༠༠༨ ཧོར་ཟླ་༥ ཚེས་༡༤ ཉིན་མུ་ར་དགོན་གྱི་གྲྭ་གསུང་རབ་རྔ་བ་རུ་བསྐྱར་དུ་འཛིན་བཟུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་པ་ད་དུང་གློད་གྲོལ་བཏང་ཡོད་མི་འདུག

གོང་གསལ་པར་གཉིས་ནི་གྲྭ་གསར་པ་ཚང་བློ་གྲོས་དང་། སྤུས་སྦྱིན་ཚང་དཀོན་མཆོག་གཉིས་ཡིན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།