མེ་མདའི་འོག་

15/11/2009 13:22

མེ་མདའི་འོག་གི་གཅིག་གྱུར་དེར་ཕན་ཐོགས་མེད།

ང་ཚོའི་དམངས་གཙོ་ཟེར་བ་དེ་ཚིག་ཙམ་གྱི་དམངས་གཙོ་མ་རེད། ཕྱི་ལོ་ ༢༠༠༡ ལོ་ནས་འོས་བསྡུ་བྱས་པའི་ཆབ་སྲིད་

ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པ་བྱུང་བ་རེད། དུས་དེ་ནས་༧རྒྱལ་བ་རིན་པོ་ཆེ་ཕྱེད་རྒན་ཡོལ་བྱས་ཡོད། ཅེས་བཤད་ཀྱིན་

ཡོད། དེ་ནི་ང་བོད་པའི་དོན་དག་ལ་སེམས་ཤུགས་ཆག་པ་དང་། བོད་དོན་ལ་སེམས་འཁུར་མ་བླངས་པ་དེ་འདྲ་རྩ་བ་

ནས་མ་རེད། ཆབ་སྲིད་ཀྱི་འགན་འཁུར་མཁན་དེ་འོས་བསྡུའི་ཐོག་ནས་བྱུང་ན་ཡག་པོ་ཡོད་ལ། དེ་བརྟན་པོའང་ཞེ་

དྲག་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

         ༸གོང་ས་མཆོག་

ཕྱི་ཚེས་ ༡༣ ཉིན་སྤྱི་ནོར་༧གོང་ས་མཆོག་གིས་འབུམ་སྡེ་ལར་མི་མང་ཉིས་ཁྲི་ ༢༠༠༠༠ ལྷག་ལ་སྒྲོན་དཀར་གྱི་ཚེ་དབང་

དང་དགེ་བསྙེན་གྱི་སྡོམ་པ་སོགས་བསྩལ་ཡོད་ལ།   ཉིན་རྒྱབ་འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཆིབས་

སྒྱུར་གྱིས་ཐེངས་འདིར་གསུང་ཆོས་ལ་བཅར་མཁན་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་གཙོས་པའི་འབུམ་ལ་

ཉེ་འཁོར་གྱི་བོད་རིགས་ཚོར་དམིགས་བསལ་གྱི་བཀའ་སློབ་ལམ་སྟོན་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས་

གསུངས་དོན། ཐེངས་འདིར་མོན་ཡུལ་དུ་འབྱོར་ཡང་ང་ཚོའི་གཞིས་ཆགས་ཁག་ཏུ་འགྲོ་རྒྱུའི་དུས་ཚོད་རག་མ་སོང་།

སང་ཉིན་ཨི་ཊ་ན་གྷར་དང་། གནངས་ཉིན་ལྡི་ལི། གཞེས་ཉིན་ཨི་ཊ་ལིར་འགྲོ་དགོས་པ་རེད། དེར་ཕྱི་ཚེས་ ༡༦ ནས་

༡༩ བར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཚོགས་ཀྱིན་ཡོད། ཚེས་ ༡༩ ཉིན་ལྡི་ལིར་ཡོང་

སྟེ་ཉིན་གསུམ་རིང་ལས་དོན་ཞིག་ཡོད། དེ་ནས་ངྷ་རམ་ས་ལར་ལོག་སྟེ་ཉིན་གསུམ་ལ་བསྡད་རྗེས་ཡང་བསྐྱར་ཨོ་སི་ཊོ་

ལེ་ཡ་དང་ནའེ་རྫིར་ལན་ཌི་ལ་འགྲོ་དགོས། དེར་བརྟེན། བསྟན་འཛིན་སྒང་ཉེ་འཁྲིས་ཡིན་ཡང་ཐེངས་འདིར་འགྲོ་ཐུབ་

མ་སོང་། ཞེས་༧གོང་ས་མཆོག་གིས་འབྱུང་འགྱུར་གྱི་མཛད་འཆར་ཁག་ཅིག་ངོ་སྤྲོད་དང་བཅས་ཤེས་ཡོན་དང་སྤྱོད་

ལམ། བོད་རྒྱའི་གནད་དོན། དེ་བཞིན་དོལ་རྒྱལ་བསྟེན་སྲོལ་བཅས་ཀྱི་སྐོར་ལ་ལམ་སྟོན་གནང་ཡོད།

 ཐོག་མར་༧གོང་ས་མཆོག་གིས་བོད་མིའི་གནས་སྟངས་སྤྱི་ཡོངས་ནས་གསུངས་དོན། ང་ཚོ་བཙན་བྱོལ་བ་ཆགས་ཏེ་

སྐྱབས་མེད་མགོན་མེད་ལྟ་བུ་ཆགས་ཡོད། འོན་ཀྱང་། ཁྱེད་རང་ཚོའི་བློ་གཏོད་ས་ང་རེད། ངས་བོད་རྒྱ་ཆེའི་མི་མང་གི་

བདེ་བ་སྡུག་བསྔལ་ནམ་ཡང་བརྗེད་ཐབས་ཡོད་པ་མ་རེད། འཛམ་གླིང་འདིར་སྐྱབས་བཅོལ་བ་ས་ཡ་མང་པོ་ཡོད་པའི་

ནང་དུ་བོད་པ་ཚོ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་བྱས་ཏེ་བསྡད་ཡོད། གཙོ་ཆེ་ཤོས་བོད་རྒྱ་ཆེའི་མི་མང་གི་ལྷག་

བསམ་དང་སྙིང་སྟོབས་ལ་ཐུག་ཡོད། བོད་ནང་དུ་ཡོད་པ་ཚོར་ལོ་འདི་འགར་དཀའ་ངལ་ཞེ་དྲག་འཕྲད་པ་རེད།   ཞི་

བའི་ངོ་རྒོལ་བྱས་ན་བཙོན་ལ་འགྲོ་དགོས་པ་དང་། ཐ་ན་སྲོག་ཀྱང་ཤོར་སྲིད་པ་ཤེས་བཞིན་དུ་ངོ་རྒོལ་བྱས་པ་རེད། དེས་

བོད་རིགས་རྒྱ་ཆེའི་མི་མང་གི་སེམས་ཤུགས་མཚོན་གྱིན་ཡོད། རྒྱ་མིའི་ལས་བྱེད་དང་དམག་མིའི་ནང་ཡོད་པའི་བོད་

རིགས་ཚོས་ཀྱང་། སེམས་པའི་ཕུགས་སུ་སོ་སོའི་མི་རིགས་ཀྱི་ལྟ་བ་དང་ཞེན་ཁོག་འགྱུར་བ་མེད་པར་གནས་ཡོད། ཅེས་

དང་།    བཙན་བྱོན་ནང་དུ་བོད་མི་ཆིག་འབུམ་དྲུག་ཁྲི་ཡས་མས་ཤིག་ཡོད་ལ། རྒྱལ་ཁབ་སུམ་ཅུ་སོ་གྲངས་ནང་བོད་

རིགས་ཡོད། ང་ཚོ་བཙན་བྱོལ་བ་ཚོས་གཞིས་ལུས་རྒྱ་ཆེ་མི་མང་གི་ངོ་ཚབ་བྱས་ཏེ་ད་ལྟའི་བར་འཛམ་གླིང་ཐོག་བོད་

ཟེར་བའི་མིང་དེ་ཐོན་ཐུབ་པ་བྱས་ཡོད། སྔོན་མ་བོད་པའི་ཆོས་དང་རིག་གཞུང་ནུབ་ཕྱོགས་པ་ཚོས་རྩེད་མོ་རྩེ་ས་དང་

ལྟད་མོ་ལྟ་ས་ཡིན་ཡང་། དེང་སྐབས་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱ་ཡུལ་ཆགས་ཡོད་པ་མ་ཟད། འཛམ་

གླིང་ནང་སྙན་གྲགས་ཡོད་པའི་ཚན་རིག་པ་རེ་འགས་ཀྱང་། བོད་པའི་ནང་ཆོས་ལས་མིའི་བསམ་བློའི་འགྲོ་སྟངས་ལ་

འགྲེལ་བཤད་བརྒྱབས་ཡོད་པ་དེར་ངོ་མཚར་བྱེད་ཀྱིན་ཡོད། རྒྱ་རིགས་ཚོའི་ནང་དུའང་བོད་པའི་ཆོས་དང་རིག་གཞུང་

ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ངྷ་རམ་ས་ལར་ལྐོག་ནས་ཆོས་འབྲེལ་བྱེད་དུ་ཡོང་གིན་ཡོད། དེར་

བརྟེན། དུས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་མེས་པོ་ཚོར་ཞབས་འདྲེན་ཞུས་མེད། ཁྱེད་ཚོ་ཚང་མས་སོ་སོ་བོད་པ་

ཡིན་སྙམ་པའི་སྤོབས་པ་བྱ་དགོས་པ་རེད། ཅེས་གསུངས་བྱུང་།

 ཁོང་གིས་མུ་མཐུད་དུ་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་སྐོར་གསུངས་དོན། ང་ཚོའི་འཐབ་རྩོད་དེ་ནི། ང་ཚོར་བདེན་

པ་ཡོད་སྟབས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་དུ་འགྲོ་བཞིན་ཡོད། རྒྱ་ནག་གུང་ཁྲན་ལ་བདེན་པ་དང་རྒྱུ་མཚན་

བགྲང་རྒྱུ་མེད་སྟབས། གདུག་རྩུབ་དང་དྲག་གནོན་བྱ་རྒྱུ་ལས་ལྷག་མེད། ང་ཚོ་འཚེ་བའི་ལམ་དུ་ཕྱིན་ན་རང་ཤི་བརྒྱབས་

པ་དང་གཅིག་པ་རེད། འཚེ་བ་མེད་པའི་ཐོག་ནས་བདེན་པ་བདེན་ཐོག་ལ་འཁྱོལ་དགོས་ན། ཤེས་བྱ་ཡོན་ཏན་དགོས།

ཤེས་ཡོན་མེད་ན་ལྷག་བསམ་དང་སེམས་ཤུགས་ཙམ་གྱིས་འདང་གི་མེད། དེར་བརྟེན། ང་ཚོ་རྒྱ་གར་ལ་ཐོག་མར་སླེབས་

སྐབས་ནས་སློབ་གྲྭ་བཙུགས་པ་རེད། ཁྱེད་ཅག་རྒན་མགོ་ཚོས་བོད་ཡིག་གི་ཚགས་པར་རིགས་ལ་དོ་སྣང་མང་ཙམ་བྱ་

དགོས་ལ། གཞོན་སྐྱེས་ཚོས་སློབ་སྦྱོང་ཐོག་ཤུགས་རྒྱག་དགོས། བསྟན་འཛིན་སྒང་གི་སློབ་གྲྭ་དེ་རིམ་གྱིས་རྒྱ་ཆེ་རུ་གཏོང་

རྒྱུ་དང་འཛིན་གྲྭ་མཐོ་རུ་གཏོང་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། ཅེས་དང་།

བོད་རིགས་ཚོར་ལྟོ་གོས་ཀྱི་གནས་སྟངས་ཡག་ཏུ་ཕྱིན་པ་དང་བསྟུན་ཏེ་རྒྱན་འཛུགས་ཤོ་རྒྱག་རིགས་ཡོང་གིན་ཡོད་པའི་

སྐད་ཆ་འདུག ཨ་རིའི་ནང་དུ་ཡང་དེ་འདྲ་ཡོད་རབས་འདུག དེ་བཞིན། བོད་ནང་དུའང་མ་ཅིང་རྒྱག་མཁན་མང་པོ་

ཡོད་ཚུལ་གོ་རྒྱུ་འདུག དེ་ཡག་པོ་མ་རེད། དངུལ་ཏོག་ཙམ་ཡོད་ན་དམ་པོ་བྱོས་དང་རྗེས་མ་བེད་སྤྱོད་གཏོང་ས་ཡག་པོ་

ཞིག་རག་གི་རེད། དེ་བཞིན། ཆང་རག་དང་ཐ་མག་ཚོད་མེད་འཐུང་སྟེ། གཟུགས་པོ་འཕྲོ་བརླག་ཏུ་མ་གཏོང་རོགས།

ང་ཚོ་བོད་པ་མི་གཅིག་འཕྲོ་བརླག་ཏུ་ཕྱིན་ནའང་ཕངས་པོ་རེད། དེ་རིགས་ལ་ཁྱེད་ཅག་ཚང་མས་གཟབ་གཟབ་བྱོས།

གོ་སོང་ངམ། ཞེས་ཅུང་ཐུགས་པམ་དང་བཅས་ཏེ་ནན་གསུངས་མཛད་སོང་།

 ༧གོང་ས་མཆོག་གིས་བོད་རྒྱའི་གནད་དོན་སྐོར་ལ་གསུངས་དོན། ང་ཚོའི་དམངས་གཙོ་ཟེར་བ་དེ་ཚིག་ཙམ་གྱི་

དམངས་གཙོ་མ་རེད། ཕྱི་ལོ་ ༢༠༠༡ ལོ་ནས་འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པ་བྱུང་བ་རེད།

དུས་དེ་ནས་༧རྒྱལ་བ་རིན་པོ་ཆེ་ཕྱེད་རྒན་ཡོལ་བྱས་ཡོད། ཅེས་བཤད་ཀྱིན་ཡོད། དེ་ནི་ང་བོད་པའི་དོན་དག་ལ་སེམས་

ཤུགས་ཆག་པ་དང་། བོད་དོན་ལ་སེམས་འཁུར་མ་བླངས་པ་དེ་འདྲ་རྩ་བ་ནས་མ་རེད།   ཆབ་སྲིད་ཀྱི་འགན་འཁུར་

མཁན་དེ་འོས་བསྡུའི་ཐོག་ནས་བྱུང་ན་ཡག་པོ་ཡོད་ལ། དེ་བརྟན་པོའང་ཞེ་དྲག་རེད། ཆབ་སྲིད་དང་འཛིན་སྐྱོང་གི་

འགན་གཙོ་བོ་ཁོས་འཁུར་གྱིན་ཡོད་སྟབས། ང་ཡར་མར་ལ་ཕྱིན་ཏེ་མི་ལ་བསླབ་བྱ་འདྲ་རྒྱག་རྒྱུ་དང་།   ཆོས་ལུགས་

མཐུན་སྒྲིལ། ཁོར་ཡུག་བཅས་ཀྱི་ཐད་དུ་ལས་ཀ་ཅུང་རེ་བྱ་ཐུབ་ཀྱིན་ཡོད། བོད་མི་ས་ཡ་དྲུག་གི་དོན་དག་དེ་བོད་མི་

ས་ཡ་དྲུག་མ་རྫོགས་བར་དུ་འཐབ་རྩོད་བྱེད་གི་རེད་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་ཡོད་ན་འཐབ་རྩོད་ཡོད་པ་དང་།

༧རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་མོ་འཐབ་རྩོད་ཞུ་འགྲོ་བ་ཞིག་རྩ་བ་ནས་མ་རེད། དེར་བརྟེན། བོད་མི་རང་ཉིད་ཀྱིས་

འོས་བསྡུ་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཡོད། ༧རྒྱ་ནག་གིས་བོད་པའི་ཞིང་བྲན་བསྐྱར་

གསོ་བྱེད་ཀྱིན་འདུག་ཟེར་བ་དེར་ལག་ལེན་དངོས་ཀྱི་ཐོག་ནས་ལན་འདེབས་དང་ར་སྤྲོད་བྱ་དགོས་པ་རེད། ཅེས་དང་།

སྔར་ལོ་གསུམ་ཅུའི་དུས་དྲན་རྗེས་ནས་རྒྱ་རིགས་ཤེས་ཡོན་ཅན་ལ་ཐུག་རྒྱུར་འབད་བརྩོན་བྱས་པ་ཡིན། འདས་པའི་ལོ་

གཅིག་ལྷག་རིང་རྒྱ་མི་ཤེས་ཡོན་ཅན་ ༣༠༠ ལྷག་ལ་ཐུག་རྒྱུ་བྱུང་། དེ་དག་ཚང་མས་བོད་ཀྱི་བདེན་པའི་འཐབ་རྩོད་

ཐོག་ལ་ཤ་ཚ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཤ་སྟག་རེད། རྒྱ་

རིགས་ཤེས་ཡོན་པ་ཚོས་བྲིས་པའི་རྩོམ་ཡིག་ ༨༠༠ མ་ཟིན་ཙམ་ཞིག་འདུག དེ་ནི་ང་ཚོའི་བདེན་པའི་མཐའ་གསལ་

གྱིན་ཡོད་པའི་རྟགས་རེད། རྒྱ་ནག་གི་དཔོན་རིགས་ཚོར་ཆ་བཞག་ན། བོད་པའི་གནད་དོན་ཀྱི་ཐོག་ལ་ཉེ་ཆར་ཤིན་

ཅང་གི་གནད་དོན་བྱུང་སྟེ་ཉེན་བརྡ་གསར་པ་ཞིག་མཐོང་སྟེ། གུང་ཁྲན་གྱི་མགོ་ཁྲིད་མཐོ་རིམ་ཞིག་གིས་རྩོམ་ཡིག་

བྲིས་པའི་ནང་། རྒྱ་ནག་གི་མི་རིགས་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་པའི་བསམ་འཆར་བཏོན་འདུག་ལ། ཡང་རིགས་

གཅིག་གིས་མཁྲེགས་པོ་བྱ་དགོས་ཟེར་གྱིན་ཡོད། དེ་ལ་ཁག་ཀྱང་ཡོད་པ་མ་རེད། ད་བར་འཐུས་ཤོར་དེ་ཙམ་ཞིག་

བཏང་ཡོད་སྟབས། བློ་བུར་དུ་བསྒྱུར་བཅོས་བྱས་ན་བརྡབ་གསིག་བཏང་མི་ཡོང་ངམ་སྙམ་པའི་ཞེད་སྣང་ཡོད། ཅེས་

དང་།  འོན་ཀྱང་། ནམ་རིང་སྒྲུང་གིས་འཁྱོལ་ཐབས་ཡོད་པ་མ་རེད། རིམ་པས་རྒྱ་ནག་སྲིད་བྱུས་ཏན་ཏན་འགྱུར་གི་

རེད། དེ་རྒྱ་ནག་གཞུང་གི་ཁེ་ཕན་ལ་ཐུག་ཡོད། རྒྱ་ནག་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོང་བར་རྒྱ་ནག་གི་མི་རིགས་

ཁག་གོང་བུ་གཅིག་གྱུར་ཡོང་དགོས་ལ། དེ་ཡོང་རྒྱུར་སེམས་པ་གཅིག་གྱུར་ཡོང་དགོས་པ་ལས་མེ་མདའི་འོག་གི་གཅིག་

གྱུར་དེས་ཕན་ཐོགས་མེད། ཨ་རི་དང་ཡུ་རོབ་ཁུལ་དུ་བོད་པའི་བདེན་རྒྱབ་ཏུ་ལངས་མཁན་ལོ་རེ་ནས་ལོ་རེར་ཇེ་མང་

རེད། དེ་ཡང་སྙིང་རྗེ་ཙམ་གྱི་རྒྱབ་སྐྱོར་མ་རེད། བོད་མིའི་ཆོས་དང་རིག་གཞུང་དང་། དམངས་གཙོའི་ཐོབ་ཐང་བཅས་

ཀྱི་ཆེད་རེད། དེ་ཙམ་དུ་མ་ཟད། བོད་པའི་བདེན་པའི་འཐབ་རྩོད་འདིས་རྒྱ་ནག་ཀྱང་དམངས་གཙོར་བསྒྱུར་ཐུབ་པའི་

རེ་བ་ཡོད། ཅེས་རྒྱ་རིགས་ནང་རེ་བ་རྒྱག་མཁན་ཡོད། ཅེས་གསུངས་བྱུང་།

མཇུག་མཐར་༧གོང་ས་མཆོག་གིས་དོལ་རྒྱལ་སྐོར་ལ་བཀའ་ནན་བསྩལ་དོན། དོལ་རྒྱལ་སྐོར་ལ་ཞོར་འཕྲོས་ཀྱིས་སྐད་

ཆ་ཞིག་བཤད་ན་བསམ་སོང་། རིགས་གཅིག་གིས་རྒྱལ་བ་རིན་པོ་ཆེས་བཤད་པ་ཡིན་སྟབས། ང་ཚོས་སྤང་བླང་བྱས་པ་

ཡིན་ཟེར། དེ་མ་རེད། ༧རྒྱལ་བ་རིན་པོ་ཆེས་དོན་རྒྱལ་སྐོར་ལ་དམ་དྲག་བྱས་པའི་རྒྱུ་མཚན་གང་ཡིན་ཤེས་དགོས། སྔ་

མོ་ངས་ཀྱང་འཇམ་དགོན་རྒྱལ་བའི་བསྟན་སྲུང་ལ་ཡིད་ཆེས་བྱས་ཏེ་བསྟེན་པ་རེད། འོན་ཀྱང་། ངས་བརྟག་དཔྱད་

མང་པོ་བྱས་མཐར་མཚམས་བཞག་པ་རེད། སྐབས་དེར་ཡོངས་འཛིན་རྣམ་པ་གཉིས་ཀ་བཞུགས་ཡོད། ཡོངས་འཛིན་

གླང་རིན་པོ་ཆེས་སྔོན་མ་ནས་དོལ་རྒྱལ་ལ་འབྲེལ་བ་ཁྱོན་ནས་མི་འདུག ངས་མཚམས་འཇོག་བྱེད་སྐབས་ཁོང་གིས། ད་འགྲིག་འདུག་ཐུགས་བློ་བདེ་བོ་བྱུང་སོང་ཞེས་བཀའ་གནང་སོང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོན་རྒྱལ་ཞེ་དྲག་

བསྟེན་གྱིན་ཡོད། ངས་བརྟག་དཔྱད་བྱས་པའི་སྐོར་སྙན་གསེང་ཞུས་སྐབས། བརྟག་དཔྱད་བྱེད་སྟངས་འགྲིག་འདུག

དོགས་པ་རྣམ་རྟོག་ཁྱོན་ནས་མེད། ཅེས་བཀའ་གནང་སོང་།

 ཡོངས་འཛིན་རྣམ་གཉིས་ཞལ་བཞུགས་སྐབས་ངས་གནས་ཚུལ་ཆ་ཚང་ཞུས་ཏེ་རྒྱབ་སྐྱོར་ཆ་ཚང་ཐོབ་ཡོད། ཁ་ཤས་

ཀྱིས་ངས་ཤེས་གཉེན་བསྟེན་ཚུལ་ལོག་སྟེ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དགོངས་པ་རྫོགས་ཤུལ་ནས་ངས་དེ་འདྲ་བྱས་

པ་རེད་ཟེར། ༧རྒྱལ་དབང་ལྔ་བས་དོལ་རྒྱལ་ཟེར་བ་དེ་དམ་སྲི་འབྱུང་བོ་སྨོན་ལམ་ལོག་པ་ཞིག་ལ་ཐག་གིས་བཅད་

པ་རེད། ༧རྒྱལ་དབང་ལྔ་བས་ཐག་གིས་བཅད་པ་དེ་༧རྒྱལ་དབང་ལྔ་བ་དང་རྟོག་པ་མཉམ་པའི་སྐྱེས་བུ་དམ་པ་ཞིག་

བྱུང་ན་བསྒྱུར་བཅོས་གཏོང་སྲིད་གི་རེད་མ་གཏོགས། དེ་འདྲ་ཞིག་མ་བྱུང་བར་དུ་སུ་གང་གིས་ཀྱང་བསྒྱུར་བཅོས་གཏོང་

ཐུབ་གི་མ་རེད། སྐུ་མདུན་སྐུ་གོང་མས་དོལ་རྒྱལ་དམ་དྲག་བྱས་པ་རེད། ང་ཐོག་མར་ནོར་བ་རེད་དེ་རིམ་གྱིས་ནོར་

འཁྲུལ་ངོས་ཟིན་ཏེ། ༧རྒྱལ་དབང་སྐུ་གོང་མ་ཚོའི་རྣམ་ཐར་ནང་བཞིན་ལམ་དེར་ཞུགས་པ་རེད། རྒྱུ་མཚན་དེ་ཁྱེད་

རང་ཚོས་ཤེས་པར་བགྱིས། ངས་བོད་རྒྱ་ཆེའི་མི་མང་ལ་ཤ་ཚ་སྟེ་བཤད་ཀྱིན་ཡོད་མ་གཏོགས་རྙོག་དྲ་བཟོས་པ་མིན།

ཅེས་བཀའ་གནང་སོང་།

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་འབུམ་སྡེ་ལ་ནས་སྤེལ། ༽

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།