ཚེ་སྲོག་གི་བདེན་དཔང༌།
05/11/2008 19:38
བདག་གིས་རང་སྲོག་རང་གིས་གཅོད་དོན། ང་རང་སྒེར་གྱི་དོན་དག་གང་ཡང་མིན། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་ཐབས་རྡུགས་འདི་འཛམ་གླིང་མི་དམངས་ཡོངས་ལ་གསལ་སྟོན་བྱ་ཆེད་ཡིན། བོད་པའི་གནས་སྟངས་དངོས་དེ་ཐེངས་འདིར་ངས་རང་ཉིད་ཀྱི་ཚེ་སྲོག་གིས་བདེན་དཔང་བྱ་རྒྱུ་ཡིན།
འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། སྤྱི་ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྐང་ཚ་རྫོང་གཡུ་ལུང་སྡེ་བའི་སློབ་ཕྲུག་མིང་ལ་ལྷུན་འགྲུབ་ཞུ་བ་ཞིག རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་མའི་ཉལ་ཁང་གི་སུམ་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་འདུག སྐབས་དེར་ཁོའི་སྟོད་ཐུང་གི་ཨམ་ཕྲག་ནང་དུ་ཡི་གེ་ཞིག་ཡོད་པ་དང༌། དེ་ནི་ཁོ་རང་གི་ཕུ་བོར་བཞག་པའི་ཁ་ཆེམས་ཡིན་འདུག ཁ་ཆེམས་ཀྱི་ཡི་གེ་དེའི་ནང༌། བདག་གིས་རང་སྲོག་རང་གིས་གཅོད་དོན། ང་རང་སྒེར་གྱི་དོན་དག་གང་ཡང་མིན། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་ཐབས་རྡུགས་འདི་འཛམ་གླིང་མི་དམངས་ཡོངས་ལ་གསལ་སྟོན་བྱ་ཆེད་ཡིན། བོད་པའི་གནས་སྟངས་དངོས་དེ་ཐེངས་འདིར་ངས་རང་ཉིད་ཀྱི་ཚེ་སྲོག་གིས་བདེན་དཔང་བྱ་རྒྱུ་ཡིན། ངའི་ཚེ་སྲོག་མཆོད་འབུལ་བྱེད་དོན་ལ་རེ་བ་གཉིས་ཡོད། དང་པོ། བོད་ལ་རང་དབང་མ་ཐོབ་བར་ཚང་མའི་དེའི་ཕྱོགས་ལ་འབད་བརྩོན་བྱ་དགོས། གཉིས་པ། དགེ་སློབ་ཚང་མས་བོད་ཀྱི་ཕ་སྐད་རྒྱུན་འཛིན་བྱ་རྒྱུར་འབད་བརྩོན་བྱ་དགོས། ཞེས་བཀོད་ཡོད་འདུག
སློབ་ཕྲུག་ལྷུན་འགྲུབ་ལགས་ནི་ད་ལོ་རང་ལོ་ ༡༧ ཡིན་ཞིང༌། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་མཐོ་འབྲིང་དང་པོའི་སློབ་མ་ཡིན་འདུག ཁོང་སློབ་གྲྭ་དེར་ཞུགས་ཏེ་ལོ་གཅིག་ཙམ་ལས་སོང་མེད་ནའང༌། སློབ་སྦྱོང་དང་ཀུན་སྤྱོད། བསམ་བློ་གཏོང་ཕྱོགས་གང་ཅིའི་ཐད་ནས་ཕུལ་བྱུང་སློབ་མའི་གྲས་སུ་ཚུད་ཡོད་འདུག་པ་མ་ཟད། བོད་ཡིག་དང་བོད་སྐད་ལ་ཤིན་ཏུ་དུང་ཞེན་ཆེ་ཞིང་མཐོ་རིམ་སློབ་མའི་ཤེས་ཚད་དང་མཉམ་པ་ཡོད་འདུག ཁོས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་ཚགས་པར་དང་དུས་དེབ་སོགས་སུ་ཐོན་ཡོད་པ་མ་ཟད། ཁོང་གི་ཕུ་བོ་ཡང་རྩོམ་པ་པོ་ཞིག་ཡིན་ཞིང༌། མིང་ལ་འཇམ་དབྱངས་རྒྱ་མཚོ། སྨྱུག་མིང་ལ་འོད་ཞུ་བཞིན་ཡོད་འདུག སྔོན་ཆད་ཁོང་སྤུན་མཆེད་གཉིས་ཀྱིས་སྔ་རྗེས་སུ་དཔེ་དེབ་རེ་བརྩམས་ཡོད་པ་དང༌། འདས་པོ་ལྷུན་འགྲུབ་ཀྱི་དཔེ་དེབ་ཁ་བྱང་ལ་རྒྱུད་སྐུད་ཕྲ་མོ་ཟེར་གྱིན་ཡོད་འདུག འདས་པོ་ལྷུན་འགྲུབ་ལགས་ནི་ད་ལོའི་གསུམ་བཅུའི་དུས་དྲན་རྗེས་སུ་བོད་ནང་དོན་རྐྱེན་བྱུང་སྐབས། གཅན་ཚ་རྫོང་སློབ་འབྲིང་གི་ཐང་ཆེན་དང༌། རྫོང་སློབ་ཆུང་ར་བའི་རྒྱ་ནག་གི་དར་ཆ་ཕབ་སྟེ། མེར་བསྲེག་གཏོང་མཁན་གྱི་གྲས་སུ་ཡང་ཡོད་འདུག གནས་སྟངས་འདི་དག་གི་རྐྱེན་གྱིས་ད་ཆར་སློབ་གྲྭ་དེར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་རུ་གཏོང་མགོ་བརྩམས་ཡོད་འདུག
གནས་ཚུལ་འདི་དག་བོད་ནས་ཁ་པར་བརྒྱུད་འབྱོར་བ་ཞིག་ཡིན་ཞིང༌། གནས་ཚུལ་མཁོ་སྤྲོད་པའི་མུ་མཐུད་བརྗོད་དོན། ངས་གནས་ཚུལ་འདི་ཕྱིར་བསྒྲགས་བྱེད་དོན་ནི། ལྷུན་འགྲུབ་ཀྱི་ཚེ་སྲོག་བོད་དོན་ཆེད་ཕུལ་བ་དེ་བོད་མི་ཡོངས་ཀྱི་སྙན་ལམ་དུ་འབུལ་ཆེད་ཡིན་ལ། གཞིས་ལུས་བོད་མི་སྙིང་སྟོབས་ཡོད་རིགས་ཚོས་འདི་ལྟར་རང་ཉིད་ཀྱི་ཚེ་སྲོག་བདེན་དཔང་དུ་འཇོག་གིན་ཡོད། དེ་མིན་གཞན་དག་གིས་ཀྱང་ལྷག་བསམ་རྣམ་དག་གིས་ལས་དོན་མང་པོ་ཞིག་སྒྲུབ་བཞིན་ཡོད། མ་འོངས་པར་ཡང་གང་ཐུབ་ཀྱིས་བསྒྲུབ་རྒྱུ་ཡིན། ཕྱིར་རྒྱལ་དུ་སྡོད་པའི་བོད་རིགས་ཚང་མའི་སེམས་ཤུགས་མ་ཆགས་པར་ཧུར་ཐག་བྱ་རྒྱུ་ངའི་རེ་བ་ཡིན་ཞེས་བརྗོད་ཡོད་འདུག
གོང་གི་གནད་དོན་འདིའི་ཐད། བཙན་བྱོལ་བོད་གཞུང་གི་ད་ལོའི་བོད་ནང་གི་དོན་རྐྱེན་ཐད་ཆེད་འཛུགས་གནང་བའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང༌། བསྒྲགས་གཏམ་དེའི་ནང༌། རྒྱ་ནག་གཞུང་གིས་ད་དུང་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར། རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་ཆེད། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་རྒྱུ་ཡིན། དང་པོ། བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས། གཉིས་པ། རིས་སུ་མ་ཆད་པའི་གསར་འགོད་པ་བོད་ས་ཡོངས་སུ་གཏོང་དགོས། གསུམ་པ། བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས། བཞི་བ། འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས། ལྔ་བ། བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས། ཞེས་དོན་ཚན་ལྔ་ཡི་དགོས་འདུན་བཏོན་འདུག