ཚོགས་ཆེན་གྱི་ཉིན་གཉིས་པ།

18/11/2008 22:07

 

མི་མང་པོ་ཞིག་གིས།  ༧གོང་ས་མཆོག་གིས་ཐེངས་གཉིས་ལ་བསྩལ་བའི་གསུངས་འཕྲིན་སོགས་ལ་གནད་དུ་ཕུགས་པའི་བསམ་བློ་མ་བཏང་བར་སྐད་ཆ་རྙིང་པ་མང་པོ་ཞིག་བསྐྱར་རྡབ་མང་པོ་བྱེད་ཀྱིན་འདུག ང་རང་ལ་མཚོན་ན་ཚོགས་བཅར་བ་ཚོས་དངོས་ཡོད་མིག་མདུན་གྱི་བོད་ཀྱི་གནད་དོན་ལ་བསམ་བློ་གཏོང་རྒྱུ་འཐུས་ཤོར་སོང་ཡོད་པའི་ཚོར་བ་བྱུང་སོང༌། ཟེར།

ཉིན་གུང་གསོལ་ཚིག་གི་སྐབས་སུ་ང་སླར་ཡང་གངས་སྐྱིད་དུ་འཚོགས་བཞིན་པའི་དམིགས་བསལ་ཚོགས་ཆེན་གྱི་ཉིན་གཉིས་པར་བགྲོ་གླེང་གི་རྨང་གཞི་གང་འདྲ་ཞིག་ཏུ་སླེབས་ཡོད་མེད་དང༌། ཡང་ན་བགྲོ་གླེང་གི་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་གྱིན་ཡོད་མེད་ལ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན།  གངས་སྐྱིད་ཀྱི་སྒོ་ཆེན་འགྲམ་ལ་སླེབས་དུས་ངས་ཁ་སང་མཐོང་བའི་ཡིག་ནོར་དེ་ད་དུང་ཡང་འཕྲེད་དར་དེའི་ངོས་སུ་རང་འཇག་འདུག་པ་མཐོང་ལ།  སྒོ་ཆེན་གཡས་གཡོན་གྱི་རྩིག་གྱང་ངོས་སུ་ཚོགས་ཆེན་ལ་བཅོལ་བའི་རེ་བ་དང༌།  བསམ་ཚུལ་ཡང་གཅིག་གཉིས་ཤིག་སྦྱར་འདུག   ང་མུ་མཐུད་དུ་ཚོགས་བཅར་བ་ཡོད་སར་སོང་ཏེ་སྤྱི་ཟུར་ཞིག་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས།  ང་ཚོགས་ཆུང་ ༨ པར་ཡོད་ལ་མི་གྲངས་  ༣༢ འདུག  དེ་རིང་ཞོགས་པར་དབུས་གཙང་ཆོལ་ཁས་བཞག་པའི་གྲོས་ཆོད་ཁག་ངོ་སྤྲོད་བྱས་བྱུང་ལ། དོན་ཚན་གཙོ་བོ་དེ་དབུས་གཙང་མི་མང་ལམ་དབུ་མར་ཤར་བསྐྱོད་བྱ་རྒྱུ་དང༌། ང་ཚོའི་སྤྱི་ཚོགས་ནང་གི་ཚོགས་སྡེ་བྱེ་བྲག་པ་དེ་དག་གི་ལངས་ཕྱོགས་ཀྱིས་འཐབ་རྩོད་ལ་ནུས་པ་ཐོན་གི་མེད་པས། བོད་མི་ཡོད་ཚད་རྡོག་རྩ་གཅིག་སྒྲིལ་གྱི་ལངས་ཕྱོགས་ཤིག་ལ་བསམ་བློ་གཏོང་དགོས་པ་སོགས་རེད་འདུག   གང་ལྟར་ང་རང་ལ་མཚོན་ན། ལོ་ངོ་ ༢༠ ལྷག་ལ་འབྲེལ་མོལ་བྱས་ཀྱང་རྒྱ་ནག་གིས་ནམ་ཡང་འཁྱོག་བརྗོད་ཀྱི་ལམ་ནས་ང་ཚོའི་ལངས་ཕྱོགས་ལ་ངོས་ལེན་མེད་པ་འདི་གཞི་རྩར་བཞག་སྟེ། ད་ཐེངས་ཀྱི་ཚོགས་ཐོག་ནས།  བོད་རྒྱའི་འབྲེལ་མོལ་གྱི་འབྲེལ་བ་འདི་མཚམས་འཇོག་གནང་དགོས་པའི་གྲོས་ཆོད་འཇོག་དགོས་པ་རེད་བསམ་གྱིན་འདུག་ལ།  ངས་ད་ལྟ་ནས་ཚོད་དཔོག་བྱས་ཐུབ་པའི་ཚོགས་ཆེན་གྱི་གྲུབ་འབྲས་ལཀྱང་འདི་ལྟར་ཡིན་པའི་རེ་བ་དང་ངོས་འཛིན་བྱེད་གི་ཡོད།  ཅེས་གསུངས་བྱུང༌།  ཚོགས་བཅར་བ་མང་པོ་ཞིག་རང་རང་གི་ཕྱོགས་ན་གླེང་མོལ་ལ་བྲེལ་འདུག  ཚོགས་བཅར་བའི་ཁྲོད་དུ་སྐུའི་གཅེན་མོ་ཨ་མ་རྗེ་བཙུན་པདྨ་དང༌།  རྩོམ་པ་པོ་འཇམ་དབྱངས་ནོར་བུ།  ད་ལྟའི་ཡུ་རོབ་པེལ་ཇེམ་གྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་དབང་འདུས།  དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་སོགས་ཀྱང་རེ་རེ་བཞིན་མཐོང་ལམ་དུ་མངོན་བྱུང༌།  ངས་སྐུ་ཚབ་དོན་གཅོད་བཀྲ་ཤིས་དབང་འདུས་ལགས་སུ་ང་ཚོའི་གསར་ཁང་གི་བཅར་འདྲི་ཞིག་དང་ལེན་ཆོག་མིན་དྲིས་དུས་སུ། ཁོང་གིས།  བཀའ་ཤག་གིས་བཀའ་ཕབ་པ་བཞིན་ང་ཚོས་བཤད་ཆོག་གི་མ་རེད།  ངས་དགོངས་དག་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང༌།  ཡིན་ན་ཡང་ཁ་སང་གཞུང་ཞབས་ཤིག་གིས་རང་དབང་གི་བསམ་ཚུལ་བརྗོད་ཆོག་པར་བཀའ་ཤག་གིས་ལམ་སྟོན་གནང་ཡོད་པ་རེད་གསུངས་པ་དེ་ག་རེ་ཡིན་ནམ་སྙམ་ཞོར་ཚོགས་བཅར་བ་གཞན་ལ་གནས་ཚུལ་འདྲི་བར་བསམ་དུས། སླར་ཡང་ཚོགས་འདུ་དབུ་འཛུགས་གནང་བྱུང༌། 

ཕྱི་དྲོ་སླར་ཡང་ཚོགས་བཅར་བ་དེ་ཚོར་དེ་རིང་ཉིན་ཧྲིལ་བོར་བགྲོ་གླེང་གི་བརྗོད་གཞི་གང་འདྲ་ཡིན་མིན་སོགས་ཀྱི་ཐད་ལ་གནས་ཚུལ་བསྡུ་རུ་འགྲོ་བའི་ལམ་བར་དུ།  ངས་དང་བླངས་ཚོགས་བཅར་བ་ཞིག་ལ་གནས་ཚུལ་དྲིས་དུས། ཁོང་གིས།  ང་ཚོའི་ཚོགས་ཆུང་ནང་དུ་ས་གནས་མགོ་འཛིན་དང༌།  དང་བླངས་ཀྱིས་ཕྱི་རྒྱལ་ནས་ཡོང་བ། དབྱིན་ལན་བོད་མིའི་སྐུ་ཚབ་སོགས་འདུག  དེ་རིང་ང་ཚོའི་ཚོགས་ཆུང་གིས་མི་རེ་རེ་ཡི་སྐར་མ་ ༡༠ ཡི་ནང་ལ་རང་རང་གི་བསམ་ཚུལ་བརྗོད་པའི་ལམ་ལུགས་འོག་བགྲོ་གླེང་བྱས་པ་རེད། དེའི་ཁྲོད་དུ་རང་བཙན་རྩོད་དགོས་པ་རེད་ཟེར་མཁན་འདུག་ལ།  དབུ་མའི་ལམ་དགོས་པ་རེད་ཟེར་མཁན་ཡང་འདུག  ཡིན་ན་ཡང་དབུ་མའི་ལམ་ཟེར་ནས་གསུངས་མཁན་ཚོ་རིགས་གཉིས་འདུག  གཅིག་གིས་སི་ཏྲ་སི་སྤག་གི་གསུངས་བཤད་དེ་དབུ་མའི་ལམ་གྱི་གཞི་ལ་འཇོག་དགོས་པ་དང༌། བོད་གཞིས་ལུས་མི་མང་གིས་ཀྱང་དེ་ལྟར་བསམ་གྱིན་ཡོད་ཅེས་གསུངས་གི་ཡོད་པ་དང༌།  ཡངགཅིག་ཤོས་ཀྱིས་ད་ལྟའི་བོད་གཞུང་གི་གསུངས་བཞིན་པའི་དབུ་མའི་ལམ་འདིའི་ངོ་བོ་སི་ཏྲ་སི་སྤག་གི་གསུངས་བཤད་དང་མི་འདྲ་བར་ངོ་བོ་གཞན་པ་ཞིག་ལ་འགྱུར་འདུག་ཅེས་གསུངས་གི་འདུག  དེ་བཞིན་བོད་ནང་ནས་བོད་མི་ ༡༧༠༠༠ ལྷག་གི་བསམ་ཚུལ་བསྡུས་ཡོད་པ་དང༌།  ༧གོང་ས་མཆོག་གིས་གང་གསུངས་བ་དེ་བཞིན་ཡིན་པ་བོད་ནང་གི་བོད་མིའི་བསམ་ཚུལ་ཤུགས་ཆེ་ཤོས་རེད་འདུག  ཡིན་ན་ཡང་གཞིས་བྱེས་གཉིས་ཀྱི་བོད་མིས་༧གོང་ས་མཆོག་གིས་གང་གསུངས་བ་དེ་བཞིན་ཡིན་གསུངས་ནས་འདུག་པ་ལས། འགན་དང་ལག་ལེན་རང་བཞིན་གྱི་སྐད་ཆ་བཤད་གི་མི་འདུག་པ་བློ་ཕམ་པོ་རེད།  གང་ལྟར་དེ་རིང་ཡིན་ན་མི་སྒེར་གྱི་ལངས་ཕྱོགས་དང་ལྟ་བའི་ཐད་ལ་བགྲོ་གླེང་བྱས་སོང༌། ཅེས་གསུངས་བྱུང༌། 

ཡང་སྤྱི་འཐུས་ལས་ཐོག་པ་ཞིག་གིས།  ང་རང་ཡོད་པའི་ཚོགས་ཆུང་འདི་ལ་མཚོན་ན་ཉིན་འདི་གཉིས་ལ་རང་རང་གིས་ལག་པ་བཀྱགས་ནས་ས་གནས་ནས་ཁུར་ཡོང་བའི་བསམ་ཚུལ་དང༌། སྒེར་གྱི་བསམ་ཚུལ་བཤད་གི་འདུག  ཡིན་ན་ཡང་སྐད་ཆ་མང་པོ་ཞིག་ཏག་ཏག་སྡོད་ཀྱིན་མེད་པར།  ང་རང་གིས་ཚོད་དཔོག་བྱས་ན་ས་གནས་ཁག་ནས་དབུ་མའི་ལམ་དང་རང་བཙན་གཉིས་ལ་འདེམས་ཤོག་བླུགས་ནས་རྒྱལ་ཁ་གང་ཐོབ་ཡོད་མེད་ལ་ལྟས་ཡོད་པ་འདྲ་བོ་འདུག དབུ་མའི་ལམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར་བ་ཙམ་ལས་གཞན་པ་དངོས་ཡོད་འགན་ཡོད་པའི་སྐད་ཆ་གསར་བ་དེ་འདྲ་མི་འདུག  ཚོགས་བཅར་བ་མི་མང་པོ་ཞིག་གིས་ཀྱང་༧གོང་ས་མཆོག་གིས་ཐེངས་གཉིས་ལ་བསྩལ་བའི་གསུངས་འཕྲིན་སོགས་ལ་གནད་དུ་ཕུགས་པའི་བསམ་བློ་མ་བཏང་བར་སྐད་ཆ་རྙིང་པ་མང་པོ་ཞིག་བསྐྱར་རྡབ་བྱེད་ཀྱིན་འདུག དེ་ལ་བློ་ཕམ་བྱུང་སོང༌།  ༧གོང་ས་མཆོག་གིས་ཤེས་རིག་སློབ་གསོའི་ཐད་ནས་རིག་གཅིག་རྐང་འཛིན་མེད་པའི་བློ་ཕམ་དང༌། ཆབ་སྲིད་ཀྱི་སྒང་ནས་བོད་རྒྱའི་འབྲེལ་མོལ་ལ་དོན་སྙིང་ཡོད་པའི་གྲུང་འབྲས་ཤིག་མེད་པའི་བློ་ཕམ་སོགས་ལ་གླེང་སློང་བྱ་མཁན་མི་འདུག་པས།  ང་རང་ལ་མཚོན་ན་ཚོགས་བཅར་བ་ཚོས་དངོས་ཡོད་མིག་མདུན་གྱི་བོད་ཀྱི་གནད་དོན་ལ་བསམ་བློ་གཏོང་རྒྱུ་འཐུས་ཤོར་སོང་ཡོད་པའི་ཚོར་བ་བྱུང་སོང༌།   ང་རང་གིས་དེ་རིང་ཤེས་རིག་ཐད་ཀྱི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ།  ༡༩༦༠ ལོ་ནས་ད་ལྟའི་བར་གྱི་རིགས་གཅིག་རྐང་འཛིན་པའི་ལས་རིམ་གང་ཡོད༌།  ཇི་ལྟར་འཐུས་ཤོར་ལ་སོང་བ། གང་འདྲ་བྱེད་ནས་ང་ཚོས་སྟོང་ཆ་སྐོར་དགོས་པ་སོགས་ཀྱི་སྒང་ལ་ཚོགས་ཆེན་གྲོལ་བ་ནས་མགོ་རྩམས་དགོས་པའི་བསམ་ཚུལ་བཏོན་པ་ཡིན་ལ། དེ་ནས་༧གོང་ས་མཆོག་གིས་བོད་རྒྱའི་འབྲེལ་མོལ་དོན་སྙིང་ཡོད་པའི་གྲུབ་འབྲས་མ་བྱུང་བ་གསུངས་པ་འདི་རྨང་གཞི་བྱས་ནས།  ལོ་ཤས་སྔོན་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གིས་བོད་དང་ཞི་མོལ་གྱི་ཐབས་ལམ་ལ་ངོས་ལེན་མི་བྱེད་ན། བོད་འདི་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་བྱེད་གི་ཡིན་ཟེར་བ་འདི་ཚོའི་སྒང་ལ་ཤུགས་རྒྱག་དགོས་པ་གལ་ཆེན་པོ་ཡིན་པ་དེ་བསམ་ཚུལ་བཤད་པ་ཡིན།  ཞེས་གསུངས་བྱུང༌།  ཡང་ངས་ཁོང་ལ་སྐུ་ཚབ་དོན་གཅོད་ཚོར་བཅར་འདྲི་དང་ལེན་བྱ་མི་ཆོག་པ་བཀའ་ཤག་གིས་བཀའ་ཕབ་ཡོད་དམ་ཞེས་དྲིས་དུས། ཁོང་གིས། བཀའ་ཤག་གིས་བོད་གཞུང་སྲིད་ཞུ་བ་དང༌།  ས་གནས་མགོ་འཛིན་ཁག  སྐུ་ཚབ་དོན་གཅོད་སོགས་ཀྱིས་ཚོགས་ཆུང་ནང་ནས་སྐད་ཆ་ག་རེ་བཤད་ན་འགྲིག་གི་རེད་ལ།   ང་ཚོའི་བོད་གཞུང་གི་ལངས་ཕྱོགས་རང་བཙན་ལ་འགྲོ་དགོས་པའི་བསམ་ཚུལ་དང་རེ་བ་ཡང་འདོན་ཆོག་གི་ཡོད། ཡིན་ན་ཡང་གསར་ལམ་ཁག་ལ་མི་སྒེར་གྱི་བསམ་ཚུལ་བརྗོད་ཚེ།  བོད་གཞུང་སྲིད་ཞུ་བའི་བླང་དོར་སྒྲིག་གཞི་དང་འགལ་འགྲོ་ཅེས་པའི་ལམ་སྟོན་ཡོད་པ་རེད།  ཅེས་གསུངས་བྱུང་བས།  ངས་ཀྱང་ཚོགས་བཅར་བ་མང་པོ་ཞིག་གིས་གསར་འགོད་པ་མཐོང་ན་གཡོལ་འགྲོ་བའི་རྒྱུ་རྐྱེན་རྙེད་སོང༌། 

Tinet Times ཚེ་རིང་སྐྱིད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།