ཚོགས་ཆེན་གྱི་ཉིན་དང་པོ།

17/11/2008 21:16

 

དམིགས་བསལ་ཚོགས་ཆེན་སྒང་ལ་ཁྱོན་བསྡོམས་ཚོགས་མི་ ༥༨༡ ཕེབས་ཡོད་པ་དང༌།  ཚོགས་མི་ཡོངས་ཚོགས་ཆུང་ ༡༥ ལ་བགོས་ཏེ་ཚོགས་ཆུང་རེ་ལ་མི་གྲངས་ ༣༣ ནས ༣༩ བར་ཡོད་འདུག  ཚོགས་ཆུང་ ༡༥ དེ་བོད་གཞུང་སྨན་རྩིས་ཁང་དང༌།  བོད་གཞུང་དཔེ་མཛོད་ཁང༌།  གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དང་ཚོགས་དྲུང་ལྷན་ཁང་སོགས་སུ་ཚོགས་འདུའི་གྲོས་གཞི་ལ་བགྲོ་གླེང་གི་ཚོགས་འདུ་འཚོགས་འདུག  འབྲེལ་ཡོད་མི་སྣ་ཞིག་ལ་ཚོགས་ཆུང་བགོ་སྟངས་ཀྱི་ཐད་ལ་བཀའ་འདྲི་ཞུས་ཏེ་གནས་ཚུལ་རག་པ་ལྟར་ན།  ཚོགས་བཅར་བ་ཡོངས་མཉམ་བསྲེས་ཀྱིས་འདེམས་ཤོག་གཡུག་པའི་ཐབས་ལམ་ཐོག་ཚོགས་ཆུང་བགོས་ཡོད་འདུག  

དེ་རིང་ཕྱི་དྲོ་ཆུ་ཚོད་ ༣ ཐོག་ང་རང་ལས་གྲོགས་ཤིག་དང་མཉམ་དུ་གངས་སྐྱིད་དུ་འཚོགས་བཞིན་པའི་དམིགས་བསལ་ཚོགས་ཆེན་གྱི་བགྲོ་གླེང་ཚོགས་འདུའི་རྣམ་པར་ལྟ་ཞིབ་བྱེད་པར་སོང་བ་ཡིན།  ཐོག་མར་བོད་གཞུང་སྨན་རྩིས་ཁང་ལ་སོང་དུས་དེ་རུ་ཚོགས་ཆུང་བཞི་ཙམ་འདུག་ལ།  ཚོགས་ཆུང་རེ་རེ་ནས་བོད་ལྭ་གཙང་མ་གྱོན་པའི་ཚོགས་མི་མང་པོ་ཞིག་ཚོགས་ཁང་གི་ཕྱི་ལ་ཐོན་ཡོང་གིན་འདུག  དེ་ནི་ཏག་ཏག་ཇ་མཚམས་དུས་ཚོད་རེད་འདུག  དེ་ནས་གངས་ཅན་སྐྱིད་གཞུང་གི་སྒོ་ཆེན་ལ་ཡོང་ནས་སྒོ་བྱང་ཆེན་པོ་ཞིག་བཀལ་ཡོད་པར་ལྟ་དུས།  ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༡༧ ནས་ཚེས་ ༢༢ བར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ་བོད་ཀྱི་རྩ་དོན་ཐོག་བགྲོ་གླིང་དོན་སྨིན་ཡོང་བའི་ལེགས་སྨོན་དང་བཅས། རྡ་ས་གནས་འཐུས་ཚོགས་དང༌།  ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་ཐུན་མོང་ནས། ཅེས་རས་གཞི་དཀར་པོ་ཞིག་གི་ཐོག་ཏུ་བྲིས་འདུག  དེར་ཡོད་པའི་ཚོགས་བཅར་བ་གཞུང་ཞབས་ཤིག་ལ་ཡི་གེ་དེ་ནོར་འདུག་ཅེས་ཞུས་པ་ན། ཁོང་གིས། རེད། བགྲོ་གླེང་གི་དག་ཆ་ནོར་འདུག་པས་འདིར་བཀལ་ན་སེམས་པ་བདེ་བོ་ཞིག་དང༌། མིག་ལ་མཛེས་པོ་ཞིག་མི་འདུག་ཅེས་ལན་བཏབས་བྱུང༌།  ངས་མུ་མཐུད་ནས་ཁོང་ལ། ཁྱེད་རང་ཚོགས་བཅར་བ་ཡིན་པས་ད་ཐེངས་ཀྱི་ཚོགས་འདུ་ལ་རེ་བ་ག་རེ་འཛིན་གྱིན་ཡོད། ཚོགས་ཐོག་ནས་བསམ་ཚུལ་ག་རེ་གསུང་གི་ཡིན་ཅེས་བཀའ་འདྲི་ཞུས་སྐབས༌། ཁོང་གིས། ཚོགས་ཆེན་མ་འཚོགས་པའི་སྔོན་དུ་གངས་སྐྱིད་ཀྱི་གཞུང་ཞབས་ཟུང་དྲུང་ཡན་དང༌།   སྡེ་ཚན་སོ་སོའི་འཐུས་མི་རྣམས་སྤྱི་ཐབ་ཚོགས་ཁང་ནས་ཚོགས་འདུ་ཞིག་ཚོགས་ཏེ།   ཚོགས་བཅར་བ་གཞུང་ཞབས་ཚོས་ཚོགས་ཐོག་ནས་རང་རང་གི་བསམ་འཆར་བཤད་ཆོག་པ་གསལ་བསྒྲགས་བྱས་སོང་བས།  ཚོགས་ཐོག་ནས་ཁ་གྲགས་ན་ཆོག་གི་རེད་དེ། ང་རང་གི་བསམ་ཚུལ་ཡིན་ན་དབུ་མའི་ལམ་ལས་འབབ་ས་ཞིག་རྙེད་གི་མ་རེད་བསམ་གི་འདུག་ཅེས་གསུངས་བྱུང༌།  དེ་ལྟར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དང༌།  ཚོགས་དྲུང་ལྷན་ཁང༌།  བཀའ་དྲུང་ཡིག་ཚང་གི་ཁང་ཐོག  དཔེ་མཛོད་སྒོ་ཡི་ཐང་ཆེན་སོགས་སུ་ཚོགས་བཅར་བ་ཚོས་ཇ་འཐུང་ཞོར་གླེང་མོལ་བྱེད་གིན་འདུག

ཕྱི་དྲོ་ཆུ་ཚོད་ ༥ དང་ཕྱེད་ཀ་ཙམ་ལ་སླར་ཡང་ཚོགས་བཅར་བ་ཚོར་དེ་རིང་གི་གནས་ཚུལ་བཀའ་འདྲི་ཞུ་བར་སོང་བ་ན། ཚོགས་ཆུང་བདུན་པའི་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་བཅར་བ་ཞིག་གིས།  ཚོགས་ཆུང་བདུན་པའི་ནང་དུ་མི་གྲངས་ ༣༧ ཡོད་པ་དང༌།  དེ་རིང་གི་མཛད་རིམ་གཙོ་བོ་དེ་གཞིས་ཆགས་ཁག་གི་ས་གནས་འཐུས་མི་དང་སྐུ་ཚབ་ཚོས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་སྒྲོག་སྦྱོང་བྱས་རྗེས། མི་ཁ་ཤས་ཀྱི་བསམ་ཚུལ་ཡང་བྱུང་སོང༌། ད་ལོ་བོད་ནང་བྱུང་བའི་ཞི་བའི་ངོ་རྒོལ་གྱི་འབྱུང་རྐྱེན་དང༌།  རྩ་དོན་ལ་ངོས་འཛིན་བྱེད་ཚུལ།   རྒྱལ་སྤྱིའི་གནས་བབ་ཐོག་གི་བོད་སོགས་ལ་འགྲེལ་བཤད་སྣ་མང་རྒྱག་གིན་འདུག   དེ་ཡིས་ཚོགས་འདུའི་རྨང་གཞི་གང་ལ་གང་འཚམ་ཞིག་འདིང་འགྲོ་གིན་འདུག  ཡིན་ན་ཡང་དེ་རིང་བགྲོ་གླེང་མཐིལ་ཕྱིན་པ་དེ་འདྲ་བྱུང་མ་སོང་མོད། ང་རང་གི་རེ་བ་ལ་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ནས་བགྲོ་གླེང་མཐིལ་ཕྱིན་པ་ཞིག་བྱས་ཏེ།  བགྲོ་གླེང་གི་མཐའ་སྡོམ་དེ་རྨང་གཞི་ལ་བཞག་ནས་གྲོས་ཚོགས་ནང་དུ་འགྱུར་བ་གཏོང་རྒྱུ་ཞིག་ཡོད་ན་གཏོང་དགོས་པ་རེད་བསམ་གི་ཡོད། ཅེས་གསུངས་བྱུང༌། 

ཚོགས་བཅར་བ་མི་སྒེར་ཞིག་ལ་བཀའ་འདྲི་ཞུས་སྐབས།  ཁོང་གིས། ང་རང་མི་གྲངས་ ༣༤ ཡོད་པའི་ཚོགས་ཆུང་ ༥ བའི་ནང་དུ་ཡོད།  ཆབ་སྲིད་ཀྱི་སྒང་ནས་སྐད་ཆ་བཤད་ན་དེ་རིང་ས་གནས་ནས་སླེབས་པའི་བསམ་ཚུལ་ཁག་ཏག་ཏག་ཅིག་མ་རེད།  ༧གོང་ས་མཆོག་གིས་ཉེ་ཆར་གྱི་བཀའ་སློབ་དང༌། སྐུ་ཚབ་རྣམ་པའི་འབྲེལ་མོལ་གྱི་གྲུབ་འབྲས་སོགས་མ་གོ་བའི་སྔོན་ལ་ས་གནས་ནས་བསམ་ཚུལ་བསྡུ་ལེན་བྱས་འདུག  ཆབ་སྲིད་ཀྱི་གནས་སྟངས་ཧ་གོ་བ་དང་ཧ་མ་གོ་བ་དེ་ཚོར་འགྲེལ་བཤད་བརྒྱབས་རྗེས་གཞི་ནས་བསམ་ཚུལ་ལེན་དགོས་པ་རེད།  དེ་བས་ངས་བལྟས་ན་འདི་ཏག་ཏག་ཅིག་མ་རེད་ལ།  ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་འདི་ཕལ་བར་བཞག་ནས་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་འདུག་པར་ངོས་འཛིན་མི་བྱ་ཐབས་མེད་དུ་གྱུར་སོང༌།  ཅེས་གསུངས་བྱུང༌། 


ཡང་ཚོགས་བཅར་བ་གཞན་ཞིག་གིས། ང་རང་ཚོགས་ཆུང་ ༡༣ ནང་དུ་ཡོད་ལ་ཚོགས་ཆུང་འདིའི་ནང་དུ་མི་གྲངས་ ༣༧ འདུག  དེ་རིང་གྲོས་གཞིའི་སྒང་ལ་ས་གནས་ནས་ཁུར་ཡོང་བའི་བསམ་ཚུལ་ཀློག་གི་འདུག་ལ།  མི་མང་གི་བསམ་ཚུལ་ཕལ་ཆེ་ཤོས་དེ།  ༧གོང་ས་མཆོག་གིས་ལམ་སྟོན་གནང་སྟེ་བོད་གཞུང་གིས་ལག་ལེན་བསྟར་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ་མུ་མཐུད་ནས་བདེན་པའི་ཨུ་ཚུགས་བྱེད་རྒྱུ་དེ་རེད་ལ།  ཡང་རྒྱ་ནག་གིས་༧གོང་ས་མཆོག་ལ་བོད་དོན་གླེང་བའི་ཐོབ་ཐང་དང་འགན་དབང་མེད་ཟེར་བ་དེ་ལ་ལན་གསལ་བོ་ཞིག་རྒྱག་པར་བགྲོ་གླེང་གནང་དགོས་པ་གལ་ཆེན་པོ་ཡིན་པ་དེ་གཉིས་རེད་འདུག  ཚོད་དཔག་བྱས་ན་གལ་ཏེ་མི་མང་གི་བསམ་ཚུལ་གཞི་རྩར་འཇོག་གི་ཡིན་ན། མུ་མཐུད་ནས་ད་ལྟའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུ་མིན་པར་སྣང༌།  ཡིན་ན་ཡང་དེ་རིང་གོ་བསྡུར་ལྷུག་པོ་གནང་རྒྱུ་མ་བྱུང༌། ཅེས་གསུངས་བྱུང༌། གང་ལྟར་དེ་རིང་ནི་ཚོགས་ཆེན་གྱི་ཉིན་དང་པོ་ཡིན་ལ། ངས་གནས་ཚུལ་འདི་དག་བླངས་ཚར་དུས་ཚོགས་བཅར་བ་ཕལ་ཆེ་བ་རང་རང་གི་གནས་སུ་ལོག་ཚར་འདུག་ལ། ནགས་ཚལ་གྱིས་བཀབས་པའི་ངྷ་སའི་རི་ངོགས་འདི་སྔར་ནས་རྒྱང་མིག་ཆད་ཚར་བའི་དུས་སྐབས་རེད་འདུག


གསར་འགོད་པ། ཚེ་རིང་སྐྱིད་ཀྱིས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།