སོ་ནམ་ཞིང་ལས་མཚམས་འཇོག་གི་ཞིང་བའི་ལས་འགུལ།
འདོན་སྤེལ། ༢༠༠༩/༠༣/༢༡ དུས་བབ་གསར་འགྱུར།
ཁམས་དཀར་མཛེས་ས་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རབས་དང་རིམ་པ་བྱས་ཏེ། འདས་པའི་ཉིན་བཅུ་གྲངས་ནང་མི་དྲུག་ཅུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང༌། ད་ལོའི་སོ་ནམ་ཞིང་ལས་ཀྱང་མཚམས་འཇོག་བྱས་ཏེ། ཚད་གཞི་ཧ་ཅང་མཐོ་བའི་ཞིང་པའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཡོད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་ཐོག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐོག དགེ་ལུགས་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཁམས་དཀར་མཛེས་ཁུལ་དུ་ཉེ་ཆར་གསུམ་བཅུའི་དུས་དྲན་ནས་ཞི་བའི་ངོ་རྒོལ་མཚམས་འཇོག་མེད་པར་བྱས་ཏེ། ཉིན་བཅུ་གྲངས་རིང་མི་ ༦༠ ཙམ་འཛིན་བཟུང་དང་རྡུང་རྡེག་ཚད་ལས་བརྒལ་བ་བཏང་འདུག་ལ། དེ་ལ་ཡུལ་མི་ཚོས་བློ་ཕམ་མཚོན་ཆེད། ཞིང་ཁ་འདེབས་ལས་མ་བྱས་པར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས། རྒྱ་གཞུང་གིས་ཞིང་ཁ་འདེབས་ལས་ལ་འགོག་རྐྱེན་བཟོ་མཁན་གྱི་ཉེས་མིང་འོག བསྐྱར་དུ་མི་མང་པོ་འཛིན་བཟུང་དང༌། སྔར་རྒྱུན་བཞིན་ཞིང་ཁ་འདེབས་ལས་བྱ་དགོས་པའི་བཙན་དཀའ་ལག་བསྟར་བྱེད་ཀྱིན་འདུག གནད་དོན་དེའི་ཐད་བོད་གཞུང་བཀའ་ཤག་གིས་ཐུགས་སྣང་བཞེས་དགོས་པའི་འབོད་སྐུལ་ཞུས་སོང༌།
གོང་གི་གནད་དོན་དེའི་ཐད་འདི་གའི་གསར་འགོད་པས་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་ཏེ་དོགས་འདྲི་བྱས་པར། དཀར་མཛེས་ཊེ་ཧོར་སྐྱིད་སྡུག་གི་སྐལ་བཟང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དཀར་མཛེས་རྫོང་ཁོངས་སུ་བོད་མི་ཚོས་སོ་ནམ་ཞིང་ལས་མི་བྱེད་པར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས། རྒྱ་གཞུང་འབྲེལ་ཡོད་ཚན་པས་ཡུལ་མི་ཚོར་ས་ཞིང་འདེབས་ལས་མི་བྱེད་ན། ས་ཞིང་གཞུང་བཞེས་གཏོང་རྒྱུ་དང་ཁྱིམ་མི་འཛིན་བཟུང་བྱ་རྒྱུའི་གསལ་བསྒྲགས་བྱས་ཏེ། ཕྱི་ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༣ ཡས་མས་སུ་མཀར་མཛེས་རྫོང་སྤྱི་བདེ་ཉེན་རྟོག་པས་རྩིས་ཚང་དགོན་གྱི་གྲྭ་རང་ལོ་ ༢༧ ཡིན་པ་བྱམས་པ་དོན་གྲུབ་འཛིན་བཟུང་བྱས་འདུག ཁོང་འཛིན་བཟུང་བྱས་དོན་ཡུལ་མི་ཚོས་ས་ཞིང་འདེབས་ལས་མི་བྱེད་པའི་ངོ་རྒོལ་དེར་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
བྱམས་པ་དོན་གྲུབ་ཀྱི་གཅེན་པོ་བཀྲ་ཤིས་རྣམ་རྒྱལ་སྔར་ལོ་ཟླ་ ༣ ཚེས་ ༡༧ ཉིན་གསེར་རྟ་རྫོང་ཁོངས་སུ་བོད་ཀྱི་རྒྱལ་དར་ཕྱར་ཏེ། ཞི་བའི་ངོ་རྒོལ་བྱས་པར་བརྟེན་ས་གནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུའི་བརྡ་ཐོ་འབྱོར་བར་བརྟེན་ད་ལྟ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང༌། གཅེན་མོ་ལྷ་དགའ་ནི་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཡིན་ཞིང༌། སྔར་ལོའི་ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་ནང་ཞུགས་ཏེ་འཛིན་བཟུང་གིས་ཉེ་ཆར་གནས་སྐབས་གློད་བཀྲོལ་བཏང་ཡོད་ཀྱང༌། ཉིན་བདུན་རེའི་མཚམས་སུ་རྫོང་འབྲེལ་ཡོད་སྤྱི་བདེ་ཚན་པར་འབྱོར་ཐོ་འགོད་དགོས། ཁྱིམ་དུ་མ་རྒན་ལོ་དྲུག་ཅུ་བརྒལ་བ་ཞིག་དང༌། བཀྲ་ཤིས་རྣམ་རྒྱལ་གྱི་བཟའ་ཟླ་དང་བུ་ཕྲུག་ཆུང་ཆུང་གཉིས། སྲིང་མོ་བཅས་ལས་ལྷག་མེད་སྟབས་ཁྱིམ་ཚང་ལ་ངལ་ཆེན་པོ་འཕྲད་ཡོད་འདུག ཅེས་དང༌།
ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༥ ནས་ཁམས་དཀར་མཛེས་ས་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བསྟུད་མར་ཐེངས་ ༢༨ ཙམ་བྱས་ཡོད་པ་དང༌། ངོ་རྒོལ་དེ་དག་གི་བརྒྱུད་རིམ་ཁྲོད་བསྡོམས་པའི་གྲྭ་བཙུན་དང་མི་སྐྱ་ ༦༠ ལས་བརྒལ་བ་ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་སྟབས། རྒྱ་གཞུང་གིས་ཇི་ལྟར་བཙན་དཀའ་བཏང་སྟེ་ཞིང་ཁ་འདེབས་ལས་བྱེད་དགོས་ཟེར་ཡང༌། ངོ་རྒོལ་ལས་འགུལ་ཁྲོད་སྐྱེས་པ་ན་གཞོན་ཕལ་ཆེ་བ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྟབས། ད་ལྟ་གྲོང་སྡེ་སོ་སོར་ཞིང་ཁ་འདེབས་ལས་བྱེད་མཁན་གྱི་མིའི་ནུས་ཤུགས་ཀྱིས་ཀྱང་འདང་དཀའ་བའི་གནས་སྟངས་ཆགས་ཡོད་འདུག