ཟས་བཅད་ངོ་རྒོལ
25/10/2009 18:44
ངྷ་སར་ཟས་བཅད་ངོ་རྒོལ།
བོད་ཀྱི་དུས་བབ།
ཉེ་ཆར་ཕྱི་ཚེས་ཉི་ཤུ་ཉིན་རྒྱལ་ས་ལྷ་སར་བོད་རིགས་ན་གཞོན་བློ་བཟང་རྒྱལ་མཚན་དང་ལོ་ཡག སྤེན་སྐྱིད། ལོ་རྒྱུས་
གསལ་ཁ་མེད་པ་ཞིག་བཅས་མི་བཞི་རྒྱ་གཞུང་གིས་སྲོག་ཐོག་ཏུ་བཏང་ཡོད་པ་དེར་ངོ་རྒོལ་དང་གདུང་སེམས་མཉམ་
སྐྱིད་ཆེད་བཞུགས་སྒར་ངྷ་རམ་ས་ལར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད། དེ་རིང་ཞོགས་པའི་ཆུ་ཚོད་
༩ དང་ཕྱེད་ཀའི་ཐོག་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་སྒོ་འགྲམ་
དུ་བོད་མི་སྐྱ་སེར་ ༣༠ ཡིས་ཉེ་ཆར་ཕྱི་ཚེས་ཉི་ཤུ་ཉིན་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཉེས་མེད་ ༤ སྲོག་
ཐོག་ལ་བཏང་ཡོད་པར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་
ཞོགས་པའི་ཆུ་ཚོད་ ༦ ནས་དགོང་དྲོའི་ཆུ་ཚོད་ ༦ བར་ཆུ་ཚོད་བཅུ་གཉིས་རིང་ཡིན་པ་དང་། སླར་ཉེས་མེད་བོད་
མི་དམར་གསོད་མི་གཏོང་ཆེད། མི་མང་ལ་མཚན་རྟགས་བསྡུ་རུབ་བྱས་ཏེ། ཨ་རིའི་སྲིད་འཛིན་དང་ཡུ་རོབ་མཐུན་
ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན། འཛམ་གླིང་ཆོས་ལུགས་ཁག་གི་དབུ་ཁྲིད་བཅས་
ལ་འབུལ་འཆར་ཡོད་འདུག དེ་བཞིན། ཉིན་རྒྱབ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་གཅེས་དཔའ་བོ་
དཔའ་མོ་རྣམས་ལ་གསོལ་འདེབས་མཆོད་འབུལ་ཞིག་ཞུ་རྒྱུ་ཡིན་པ་དང་། དགོང་མོ་མར་མེ་ཁྲོམ་སྐོར་ཅིག་ཀྱང་གོ་
སྒྲིག་གནང་ཡོད་འདུག

སྐབས་དེར་ས་གནས་གཞོན་ནུའི་རྒྱུན་ལས་འཕྲིན་ལས་ལགས་ཀྱིས་ཐེངས་འདིའི་ཟས་བཅད་ངོ་རྒོལ་གྱི་དམིགས་
ཡུལ་སྒྲོག་སྦྱོང་གནང་དོན། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གཞུང་གིས་སྐྱེས་ཡུལ་ལྷ་ས་ཀླུ་སྦུབ་ནས་ཡིན་
ཞིང་རང་ལོ་ ༢༧ ཡིན་པའི་རང་རིགས་རྒྱལ་གཅེས་དཔའ་བོ་བློ་བཟང་རྒྱལ་མཚན་དང་། སྐྱེས་ཡུལ་ལྷ་ས་ཞོལ་
ནས་ཡིན་ཞིང་རང་ལོ་ ༢༥ ཡིན་པའི་ལོ་ཡག སྐྱེས་ཡུལ་ས་སྐྱ་ནས་ཡིན་ཞིང་རང་ལོ་ ༢༡ ཡིན་པའི་སྤེན་སྐྱིད།
གཞན་སྐྱེས་ཡུལ་དང་རང་ལོ། མཚན་སོགས་ཤེས་རྟོགས་མ་ཐུབ་པ་གཅིག་བཅས་ལ། ཁྲིམས་མེད་ལུགས་མེད་དང་
མ་ཉེས་ཁག་གཡོག་གིས་ཕྱི་ལོ་ ༢༠༠༨ ལོའི་ཆོལ་གསུམ་གཅིག་ཏུ་སྒྲིལ་གྱི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་
གོ་སྒྲིག་ལྡན་པའི་ངན་བྱུས་ལྐོག་གཡོའི་ལས་འཆར་བསྒྲིགས་ཏེ། ཆེད་མངགས་ཀྱིས་བཟོས་པའི་ལྷ་སའི་ཁྲོམ་གཞུང་
གི་ཚོང་ཁང་འགར་མེ་བརྒྱབས་པ་དེ་ཉེས་མེད་བོད་མི་ཁོང་བཞི་ལ་ཉེས་འཛུགས་བྱས་ཤིང་། ངོས་ལེན་ཡོད་མེད་
ཀྱི་ཁྲིམས་གཏུག་དང་ཁྲིམས་བཤེར་སོགས་ཀྱི་གོ་སྐབས་འཕྲོག་སྟེ་དམར་གསོད་བཏང་ཡོད། ཐེངས་འདིའི་རྒྱ་གཟུང་
གི་བྱེད་སྤྱོད་དེ་ལ་ང་ཚོ་ངྷ་ས་ས་གནས་གཞོན་ནུའི་ཚོགས་མི་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད།
ཅེས་བརྗོད་སོང་།
ཡང་བསྒྲགས་གཏམ་དེའི་ནང་དགོས་འདུན་དོན་ཚན་ ༣ བཀོད་དོན། དང་པོ། ཉེས་མེད་ཉེས་འཛུགས་ཀྱི་སྲོག་ཁྲིམས་
བཅད་པའི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཕུན་ཚོགས་དང་རྐང་བཙུགས་གཉིས་དམར་གསོད་གཏོང་མི་ཆོག་ལ།
ཚེ་བཙོན་ཁྲིམས་ཐག་བཅད་ཟིན་པ་རྣམས་ཀྱང་མགྱོགས་མྱུར་གློད་གྲོལ་གཏོང་དགོས། གཉིས་པ། མཉམ་འབྲེལ་རྒྱལ་
ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་ཡུ་རོབ་མཐུན་ཚོགས་བཅས་ནས་རྒྱ་ནག་གི་དམར་གསོད་མཚམས་
འཇོག་བྱ་དགོས་པའི་གནོན་ཤུགས་སྤྲོད་དགོས། གསུམ་པ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ལ་ཕེབས་སྐབས།
ཉེས་མེད་ཉེས་འཛུགས་ཀྱིས་བཙོན་དུ་བཅུག་པ་རྣམས་གློད་གྲོལ་དང་། ཁྲིམས་མེད་ལུགས་མེད་ཀྱིས་ཁྲིམས་ཐག་
བཅད་མི་ཆོག་པའི་རེ་འདུན་འདོན་རྒྱུ། ཞེས་བཀོད་འདུག
———
Back