འཐབ་འཛིང༌།

26/07/2009 11:46

རྒྱ་ནག་ཏུ་བཟོ་གྲྭའི་ལས་མི་དང་ཉེན་རྟོག་པའི་བར་འཐབ་འཛིང༌།

༄༅།      །རྒྱ་ནག་གི་བྱང་ཤར་གྲོང་ཁྱེར་ཐུང་ཧྭ་ནང་བཟོ་གྲྭ་ཟླ་སྒྲིལ་གཏོང་རྒྱུའི་འཆར་གཞིར་ངོ་རྒོལ་

བྱེད་མཁན་ངར་ལྕགས་བཟོ་གྲྭའི་ལས་མི་ཁྲི་གསུམ་ཙམ་དང་རྒྱ་མིའི་ཉེན་རྟོག་པའི་དབར་འཐབ་འཛིང་

བྱུང་ཡོད་པ་དང་ངོ་རྒོལ་བྱེད་མཁན་ཚོས་བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན་ལ་ཉེས་རྡུང་བཏང་ནས་རྐྱེན་

ལམ་དུ་བཏང་འདུག

 

ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དྲིལ་བསྒྲགས་ལྟེ་གནས་ཁང་

གིས་ཁ་ས་རེས་གཟའ་པ་སངས་ཉིན་ཐུང་ཧྭ་གྲོང་ཁྱེར་ནང་བཟོ་གྲྭའི་ལས་མི་དང་ཉེན་རྟོག་པའི་དབར་

འཁྲུག་འཛིངས་ལངས་པའི་ནང་མི་གྲངས་བརྒྱ་སྐོར་འགའ་ཤས་ལ་རྨས་སྐྱོན་ཕོག་ཡོད་པའི་སྐོར་བརྗོད་

འདུག

ཐུང་ཧྭ་ལྕགས་རིགས་དང་ངར་ལྕགས་བཟོ་གྲྭའི་ལས་མི་ཚོས་ཅན་ལུང་ངར་ལྕགས་ཁེ་གཉེར་ལས་ཁང་

གིས་ཐུང་ཧྭ་བཟོ་གྲྭ་ཟླ་སྒྲིལ་གཏོང་རྒྱུའི་འཆར་གཞིར་འདོད་པ་མེད་པའི་ངོ་རྒོལ་བྱས་ཡོད་པ་རེད།

པེཅིང་ནང་རྟེན་གཞི་བྱས་པའི་ཅན་ལུང་ངར་ལྕགས་ཁེ་གཉེར་ལས་ཁང་གིས་སྔ་ལོ་འཕྲལ་སེལ་རིང་

ཐུང་ཧྭ་བཟོ་གྲྭ་དམ་གཉེར་བྱས་ཡོད་པ་དང་དུས་རིང་དེར་བཟོ་གྲྭའི་དཔལ་འབྱོར་ལ་ཉམ་ཉེས་ཆེན་

པོ་བྱུང་བའི་ལེ་ཁག་ཅན་ལུང་ཐོག་བཙུགས་ཡོད་པ་རེད།

ཁོང་ཁྲོ་ཆེན་པོ་ལངས་བའི་ཐུང་ཧྭ་བཟོ་གྲྭའི་ལས་བཟོ་པ་ཚོས་ངོ་རྒོལ་སྐབས་ཅན་ལུང་ཁེ་གཉེར་ལས་

ཁང་གི་སྤྱི་ཁྱབ་འགན་འཛིན་ཁྲེན་ཀུའོ་ཅུན་ལ་རུབ་རྒྱབ་ནས་ཉེས་རྡུང་བཏང་རྗེས་ཁོང་རྐྱེན་འདས་སུ་

ཕྱིན་འདུག   ལས་མི་ཚོས་བཤད་ན་ཁྲེན་གྱིས་སྔ་ལོ་གླ་ཕོག་རྒྱ་མིའི་དངུལ་ལོར་ས་ཡ་གསུམ་ཙམ་ལེན་

ཡོད་པ་དང་བཟོ་གྲྭ་ནས་རྒན་ཡོལ་ཕྱིན་པའི་ལས་བཟོ་པ་ཚོར་ཟླ་བ་རེར་རྒན་ཡོལ་འཚོ་རྟེན་རྒྱ་མིའི་

དངུལ་ལོར་ཉིས་བརྒྱ་མ་གཏོགས་རག་གི་མེད་པའི་སྐྱོན་བརྗོད་བྱས་འདུག

 

རྒྱ་གཞུང་གིས་རྒྱ་ནག་གི་ངར་ལྕགས་བཟོ་གྲྭ་ཁག་གི་ཐོན་སྐྱེད་རྒྱལ་སྤྱིའི་ནང་འགྲན་བསྡུར་འཕེར་བ་

བཟོ་ཐབས་སུ་བཟོ་གྲྭ་མང་པོ་ཟླ་སྒྲིལ་བཏང་ནས་ལས་དོན་ཚགས་ཚུད་དུ་གཏོང་རྒྱུའི་ཐབས་ཤེས་བྱེད་

བཞིན་ཡོད་པ་ལྟར་འཆར་གཞི་དེ་འདྲའི་འོག་བཟོ་གྲྭ་མང་པོ་སྒོ་རྒྱབ་པའི་སྐབས་སུ་ལས་མེད་དུ་གྱུར་བ་

རྣམས་གུན་གསབ་ཉུང་ཉུང་ལས་སྤྲད་ཀྱི་མེད་པའི་སྐྱོན་བརྗོད་མང་པོ་ཞིག་ཐོན་བཞིན་ཡོད་པ་རེད༎

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།