འབོད་སྒྲ།

22/04/2009 20:58

འཇགས་མི་ཐུབ་པའི་འབོད་སྒྲ།

བོད་རང་བཙན་ཤོར་བ་ནས་བཟུང་བོད་རིགས་རྣམས་ཀྱིས་རྒྱ་གཞུང་གིས་བཙན་གནོན་ལ་ངོ་རྒོལ་རབས་

དང་རིམ་པ་བྱས་ཡོད་ལ། རྒྱ་གཞུང་གིས་ལོ་ནས་ལོར་མུ་མཐུད་དམ་དྲག་དང་མནར་གཅོད་སྣ་ཚོགས་བྱས་

པ་དང༌། ལྷག་པར་དུ་ལོ་སྔོན་མའི་ནང་བོད་ས་སྟོད་སྨད་བར་གསུམ་ནས་གཅིག་གྱུར་གྱིས་ཡར་ལངས་བྱས་

པར་བརྟེན་རྒྱ་གཞུང་གིས་སྔར་ལས་ལྷག་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་པས།  བོད་རིགས་མི་མང་གི་

སེམས་ཁོངས་སུ་ཡོད་པའི་དཀའ་ངལ་དང་སྡུག་བསྔལ་གྱི་རྨ་ཁ་ད་དུང་སོས་མེད་པས། འདས་ཟིན་པའི་ལོ་

འདིའི་ནང་དམར་གསོད་བཙོན་འཇུག་གི་གནས་སྟངས་ཛ་དྲག་ག་ཚོད་ཅིག་བྱུང་ཡང༌།   ལོ་འདིའི་ནང་

  དུའང་ས་ཆ་མང་པོ་ཞིག་ནས་ཡར་ལངས་ཀྱི་ལས་འགུལ་འགྲོ་བཞིན་པས་འཐབ་རྩོད་ཀྱི་འབོད་སྒྲ་འདི་

དྲག་གནོན་ལ་བརྟེན་ནས་འཇགས་མི་ཐུབ་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།    བོད་ནང་དུ་རང་

དབང་མེད་པ་དང༌།   འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་རྒྱལ་སྤྱིའི་ཁྲོད་ཁྱབ་བསྒྲགས་ཤུགས་ཆེ་བྱེད་

བཞིན་ཡོད་ཀྱང༌། དོན་དངོས་ཐོག་ནས་རྒྱལ་སྤྱིའི་ཐོག་ནས་འོས་འཚམས་དང་དགོས་ངེས་ཀྱིས་རྒྱབ་སྐྱོར་

བྱས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་མཁན་ཧ་ཅང་དཀོན་པ་འདིའི་རྒྱུ་མཚན་གང་ཡིན་པ་དང༌། བོད་པ་རང་ངོས་ནས་བྱེད་འོས་པ་གང་ཡིན་ལ་དབྱེ་ཞིབ་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།   དཔེར་

ན་ཉེ་བའི་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་ལྕམ་ཧེ་ལ་རི་ཁི་ལིན་ཊོན་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་

སྐབས་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་

འབོད་སྐུལ་གནང་རྒྱུའི་རེ་བ་བརྒྱབ་ཡོད་ཀྱང༌།  དོན་དུ་བོད་ཀྱི་གནད་དོན་དང་ཐེ་ཝན་གྱི་གནད་དོན་རྒྱ་

ནག་ནང་ཁུལ་གྱི་གནད་དོན་ཙམ་ཡིན་པས་རྒྱལ་སྤྱིའི་གནད་དོན་དང་བསྲེ་འདོད་མེད་པའི་གཏམ་བཤད་

བྱས་པ་ལས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་རེ་བ་དེ་དོན་འཁྱོལ་གང་ཡང་བྱུང་མེད་པ་རེད།

འདི་ལྟ་བུའི་ལོ་རྒྱུས་ཧ་ཅང་མང་བས་བོད་པ་རྣམས་ཀྱིས་རེ་བ་ཆེ་ཤོས་བོད་གཞིས་བྱེས་གཉིས་ཀྱི་བོད་རིགས་

མི་མང་རྣམས་ལ་རྒྱག་དགོས་པ་འདི་གལ་ཆེན་པོར་འཛིན་དགོས་པ་དང༌།   བོད་ཀྱི་གནད་དོན་རྒྱལ་སྤྱིའི་

གནད་དོན་ཞིག་ཏུ་བསྒྱུར་དགོས་པ་དེ་བཙན་བྱོལ་བོད་མིའི་ལས་འགན་ཆེ་ཤོས་དེ་རེད།   རྒྱ་ནག་གཞུང་

གིས་དམ་དྲག་དང་མནར་གཅོད་ཇི་ལྟར་བཏང་ཡང་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་སྔར་ལས་ཆེ་

རུ་འགྲོ་བཞིན་ཡོད་པ་དང༌། བོད་པ་རང་ཉིད་ཀྱི་འགན་རང་ཉིད་ཀྱིས་ཁུར། བོད་པ་རང་ཉིད་ཀྱི་ལས་དོན་

རང་ཉིད་ཀྱིས་བསྒྲུབ་ཐུབ་པ་ཞིག་ཡོང་བར་ཚང་མས་འབད་པ་བྱེད་དགོས།    ༢༠༠༩ ལོར་བོད་ནང་གི་

གནས་སྟངས་སྔར་བཞིན་ཛ་དྲག་ཏུ་གནས་ཡོད་པ་དང༌།་་ བོད་མི་མང་པོ་ཞིག་གིས་སྔར་བཞིན་ཞི་རྒོལ་

བྱེད་བཞིན་པ་མ་ཟད།     སླེབས་ལ་ཉེ་བའི་ཟླ་འདིའི་ཚེས་༡༠ གསུམ་བཅུའི་དུས་དྲན་དང༌། ཚེས་༢༧ རྒྱ་ནག་གཞུང་གིས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་༥༠ འཁོར་བའི་དུས་དྲན་ཟེར་བ་ཞིག་

གོ་སྒྲིག་བྱེད་བཞིན་པར་བརྟེན།  སྐབས་དེ་དུས་བོད་པ་སྡུག་རབས་དང་རྒྱ་མིས་ཡག་པོ་བྱས་རབས་ཀྱི་རྫུན་

སྒྲུང་བསྒྲིགས་པའི་ཁྱབ་བསྒྲགས་སྣ་ཚོགས་ལ་བརྟེན། གཞིས་ལུས་མི་མང་གི་སེམས་ཚོར་གནོན་མ་ཐུབ་པར་

བོད་ནང་ནས་ཡར་ལངས་ཀྱི་ལས་འགུལ་གང་མང་སྤེལ་སྲིད་པ་སྔོན་དཔག་བྱེད་ཐུབ།  དེ་ལ་བརྟེན་ནས་

བཙན་བྱོལ་བོད་པའི་ངོས་ནས་ཀྱང་འབད་བརྩོན་དང་གྲ་སྒྲིག་བྱེད་དགོས་པ་དང༌།     ཕྱོགས་གང་ནས་

བལྟས་ཀྱང་རྒྱ་ནག་གཞུང་གིས་བྱེད་ཐབས་ག་འདྲ་ཞིག་ལག་བསྟར་བྱས་ཀྱང་བོད་མི་རིགས་ཀྱི་སེམས་པ་

ད་དུང་གཏན་ནས་ཉོ་ཐུབ་མེད་ལ།   ད་དུང་སྤྱི་ཡོངས་ཀྱི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་སོང་ནས་

རང་དབང་དང་དྲོ་སྐྱིད་ཀྱི་ཁོར་ཡུག་མིང་དོན་མཚུངས་པ་ཞིག་མ་ཐོབ་ཀྱི་བར་དུ་བོད་མི་རིགས་ཀྱི་སེམས་

པ་རྒྱ་ནག་གཞུང་གི་ཕྱོགས་སུ་དུས་ནམ་ཡང་འཁོར་མི་སྲིད།  དེར་བརྟེན་འཇགས་མི་ཐུབ་པའི་འབོད་སྒྲ་

དང་བོད་དོན་འཐབ་རྩོད་ཀྱི་མ་རྩའམ་རེ་བ་ཆེ་ཤོས་དེ་ད་ལྟ་ང་ཚོའི་ལག་ཏུ་ཡོད་པས་བོད་དོན་བདེན་

མཐའ་གསལ་རྒྱུར་དུས་ཚོད་ཅུང་ཙམ་འགོར་སྲིད་ཀྱང༌།  བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་གནད་

དོན་རྩ་བརླགས་སུ་འགྲོ་མི་ཐུབ་པ་གནད་དོན་འདིའི་ཐོག་ནས་ར་སྤྲོད་བྱས་ཡོད།།

བོད་ཀྱི་བང་ཆེན་རྩོམ་སྒྲིག་པའི་གཏམ།

 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།