རྒྱ་གཞུང་ལ་ངོ་རྒོལ།

15/01/2009 21:30

 

ལྡན་ཆོས་འཁོར་དགོན་གྲོང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ།

 

       

ཆོས་འཁོར་ཞང་གི་འཁྲབ་སྟོན་པ་རྣམས་ལོ་འདིའི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་འཁོར་ལྔ་བཅུ་འཁོར་ཟེར་བ་དང༌། མི་མང་མཉམ་ལས་གཏོར་ཏེ་ཞིང་འབྲོག་སྒེར་བདག་ཅན་དུ་བསྒྱུར་ནས་ལོ་སུམ་ཅུ་འཁོར་ཞེས་པའི་དུས་དྲན་སྟེང་ཞུགས་གི་མིན་ཟེར།

ཕྱི་ཚེས་ ༡༤ ཉིན་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ལོ་འདིའི་ཟླ་དང་པོའི་ཚེས་ ༥ ཉིན་གྱི་མཚན་མོའི་ཆུ་ཚོད་གཅིག་གི་སྟེང་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཆོས་འཁོར་ཞང་ཐོག་ཏུ་འབར་རྫས་གས་གཏོར་གྱི་དོན་རྐྱེན་ཞིག་བྱུང་ཡོད་པ་དང༌། དོན་རྐྱེན་དེའི་ཁྲོད་མི་ལ་གནོད་སྐྱོན་བྱུང་མེད་ནའང༌། ཆོས་འཁོར་ཞང་སྲིད་གཞུང་གི་རླངས་འཁོར་བཞི་ལྷག་གཏོར་བ་མ་ཟད། དེ་དང་ཉེ་བའི་ལས་ཁུངས་གཞན་ལ་གནོད་སྐྱོན་ཕོག་ཡོད་འདུག འབྲེལ་ཡོད་འདའ་རྫོང་གི་རྫོང་དཔོན་གཙོས་པའི་གནད་ཡོན་དཔོན་རིགས་ཚོས་བརྟག་དཔྱད་བྱས་ཀྱང༌། འབར་རྫས་གཡུག་མཁན་སུ་ཡིན་གསལ་བོར་ཤེས་མེད་པ་དང༌། སྦྱར་ཡིག་འདྲ་མིན་དང་ཁ་པར་གང་མང་འབྲེལ་ཡོད་ལས་ཁུངས་སུ་འབྱོར་ཡོད་པའི་སྐོར་བརྗོད་ཡོད་པ་དང༌། སྦྱར་ཡིག་དང་ཁ་པར་དེ་དག་ནི། ལོ་འདིའི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་འཁོར་ལྔ་བཅུ་འཁོར་བའི་དུས་དྲན་དང༌། མི་མང་མཉམ་ལས་གཏོར་ཏེ་ཞིང་འབྲོག་སྒེར་བདག་ཅན་དུ་བསྒྱུར་ནས་ལོ་སུམ་ཅུ་འཁོར་བའི་དུས་དྲན་ཆེད་རྫོང་དང་ཞང་རིམ་པའི་གླུ་གར་འཁྲབ་སྟོན་པ་མི་ཞུགས་པའི་སྐོར་དང༌། བོད་རང་བཙན་སྐོར་ཡིན་འདུག 

འབར་རྫས་གས་གཏོར་གྱི་དོན་རྐྱེན་ལ་ཞིབ་འཇུག་དང་འབྲེལ་རྒྱ་མིའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གསུམ་དང་ཆུང་བ་ལྔ་ལྷག་འབྱོར་ཏེ་ས་དེའི་གཞས་སྣ་འཁྲབ་སྟོན་པ་དག་འཁྲིད་རྒྱུ་ཡིན་པའི་གནས་ཚུལ་ཐོས་འཕྲད། ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་སྟེང་ཆོས་འཁོར་དགོན་པའི་དགེ་འདུན་པ་ ༢༠༠ ལྷག་གི་སྣེ་ཁྲིད་འོག་མི་གྲངས་ ༣༠༠ ལྷག་འདུ་འཛོམས་ཀྱིས་ཞང་མི་དམངས་སྲིད་གཞུང་གི་ལས་ཁུངས་སུ་བཅར་ཏེ་གཞུང་ཞབས་མི་སྣར། ལོ་སྔོན་མའི་སྤྱི་ཟླ་གསུམ་པ་ནས་རྒྱ་ནག་གིས་ཆོལ་གསུམ་བོད་མི་རྣམས་ཀྱི་ཐོག་ཁྲག་དྲི་བྲོ་བའི་བཙན་གནོན་བྱས་ཏེ་བོད་མི་ཚོས་དམྱལ་བ་མི་ཡུལ་ཏུ་འཕོས་པ་ལྟ་བུའི་སྡུག་སྦྱོང་དང་མནར་གཅོད་ཚད་མྱངས་ཡོད་པས། གླུ་གཞས་ལ་རོལ་ཏེ་དགའ་སྟོན་བྱེད་རྒྱུའི་དུས་ཚོད་མིན་སྐོར་བརྗོད་ཡོད་པ་དང༌། ཐེངས་འདིའི་གཞས་སྣ་འཁྲབ་སྟོན་དེ་ནི་བོད་མི་རིགས་ལ་ཕ་བསད་པའི་ཐོག་ལ་རྔ་བརྡུང་བ་དང༌། འབྲོང་བསད་པའི་ཐོག་ལ་རྔ་མ་དར་ལྕོག་གི་དཔེ་བཞིན་བོད་མི་ཚོར་བརྙས་བཅོས་བྱས་པ་ཞིག་ཡིན་ཚུལ་བརྗོད་ཡོད་པ་རེད།
སྐབས་དེར། ས་གནས་ལས་བྱེད་མཐོ་ཤོས་ཤིག་གིས་ལན་བཏབས་དོན། ཁྱེད་རང་ཚོའི་བྱ་སྤྱོད་འདི་ཚབས་ཆེན་དུ་གྱུར་ཡོད་པས། རིང་མིན་ཆབ་མདོ་དང་འཇོན་མདའ་སོགས་ནས་དྲག་ཆས་ཉེན་རྟོག་མི་སྣ་ཆེད་གཏོང་གིས་དྲག་གནོན་བྱ་རྒྱུའི་འཇིགས་སྐུལ་བྱས་ཀྱང༌། དེར་ཡོད་དགེ་འདུན་པ་དང་མི་མང་ཚོས་དཔའ་ངར་ཞུམ་མེད་ཀྱིས་ཕྱི་དྲོ་ཆུ་ཚོད་ ༥ ནས་མཚན་གྱི་ཆུ་ཚོད་ ༡༢ བར་དགོས་འདུན་དེ་དག་འབྲེལ་ཡོད་མི་སྣར་བརྗོད་དེ་ངོ་རྒོལ་ཤུགས་ཆེར་བྱས་ཡོད་འདུག་ལ། ཁོང་ཚོའི་དགོས་འདུན་གཙོ་བོ་ནི། ༢༠༠༩ ལོ་ནི་བོད་མི་རིགས་ཀྱི་ལོ་ནག་ཡིན་པ་དང༌། སྐབས་འདིར་ང་ཚོ་ལྷ་སར་གཞས་སྣ་འཁྲབ་སྟོན་ལ་འགྲོ་དགོས་པའི་བཀའ་རྒྱ་གཏོང་བ་ནི། ང་ཚོ་བོད་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས། བརྙས་བཅོས་བྱས་པ་ཡིན་ཚུལ་དང༌། ཆོས་དད་རང་དབང་ཅེས་པ་དེ་རྒྱ་གཞུང་གིས་ཁ་བཤད་ཙམ་ལས་ལག་ལེན་མི་བྱེད་པ་དང༌། ལོ་སྔོན་མར་རྒྱ་གཞུང་གིས་བོད་མི་ཚོར་ནག་ཉེས་སྣ་ཚོགས་བཙུགས་ཏེ་གསོད་རྡུང་འཕྲོག་གསུམ་བྱས་ལ། འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་དེ་དག་ལ་ནག་ཉེས་ཅི་ཡོད་འཛམ་གླིང་མི་མང་གི་མདུན་དུ་གསལ་བོར་བཟོ་དགོས་སྐོར་སོགས་ཡིན་འདུག 

གནས་ཚུལ་དེ་དག་གི་རྐྱེན་གྱིས་ཚེས་ ༡༣ ཉིན་ཆོས་འཁོར་ཞང་ཐོག་ཏུ་དམག་མི་མང་པོ་སླེབས་ཡོད་པ་དང༌། དོན་རྐྱེན་དེའི་ཁྲོད་གྲྭ་བ་མང་པོས་ཉིན་ཁ་ཤས་ཀྱི་རྗེས་སུ་ལྡན་ཆོས་འཁོར་དགོན་དུ་ཏཱ་ལའི་བླ་མར་དགག་རྒྱག་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་མགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་བརྗོད་ཡོད་པས། གྲྭ་བ་ཚོས་རང་ཡུལ་ལ་ལོག་འགྲོ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་ལ། ཉེ་ཆར་གྱི་ངོ་རྒོལ་དེའི་རྐྱེན་གྱིས་ཞང་རིམ་པའི་འཁྲབ་སྟོན་པ་དེ་དག་གིས་སོ་སོ་འཁྲབ་སྟོན་ལ་མི་འགྲོ་བའི་ཐག་གཅོད་བྱས་ཡོད་པ་དང༌། གྲྭ་བ་ཚོས་ཞང་སྲིད་གཞུང་ལ་འཁྲབ་སྟོན་པ་དེ་དག་འགྲོ་དགོས་ཚེ་ཁོང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་བརྡ་ལན་སྤྲད་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།