རྒྱ་ནག་གིས་ངོ་རྒོལ།
24/01/2009 16:06
༸གོང་ས་མཆོག་ལ་གདན་ཞུ་ཕུལ་བར་རྒྱ་ནག་གིས་ངོ་རྒོལ།
དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་༸གོང་ས་མཆོག་གདན་ཞུ་ཕུལ་བར་རྒྱ་གཞུང་གིས་གནོན་ཤུཌ་སྤོད་བཞིན།
༄༅༎འདི་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་༸གོང་ས་མཆོག་གདན་ཞུ་ཕུལ་བ་དེར་རྒྱ་ནག་གཞུང་ཕྱོགས་ནས་རྩེད་འགྲན་གོ་སྒྲིག་གནང་མཁན་ལ་༸གོང་ས་མཆོག་གདན་ཞུ་བྱ་རྒྱུར་ངོ་རྒོལ་གྱི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།
དེ་ཡང་ཕྱི་ལོ་ཉིས་སྟོང་དགུ་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་དེ་ཨ་མི་རི་ཀའི་མངའ་སྡེ་ཨཡི་ཌ་ཧོ་ནང་རིང་མིན་ཕྱི་ཟླ་གཉིས་པའི་ཚེས་བདུན་ཉིན་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཏེ་རྩེད་འགྲན་འགོ་ཚུགས་བྱ་རྒྱུ་ཡིན་པར་བརྟེན་ཨོ་ལིམ་པིཀ་རྩེད་འགྲན་གྱི་གོ་སྒྲིག་གནང་མཁན་གྱིས་༸གོང་ས་མཆོག་ཕྱི་ཚེས་བདུན་ཉིན་གྱི་དབུ་འབྱེད་མཛད་སྒོར་གདན་ཞུ་ཕུལ་ཡོད་པ་རེད་ཡིན་ནའང་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཨེ་པི་གསར་འགྱུར་ལས་ཁང་ལ་རྒྱ་ནག་གཞུང་གིས་དགུན་དུས་ཀྱི་ཨོ་ལིམ་པིཀ་གོ་སྒྲིག་གནང་མཁན་ལ་༸གོང་ས་མཆོག་རྩེད་འགྲན་དབུ་འབྱེད་མཛད་སྒོའི་ཐོག་གདན་ཞུ་འབུལ་རྒྱུ་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་དེར་བརྟེན་རྩེད་འགྲན་གོ་སྒྲིག་གནང་མཁན་གྱི་ངོས་ནས་གལ་ཏེ་༸གོང་ས་མཆོག་རྩེད་འགྲན་དབུ་འབྱེད་དུ་ཆིབས་བསྒྱུར་མ་གནང་བར་རྩེད་འགྲན་མཇུག་སྒྲིལ་བའི་ཉིན་མཐའ་མ་ཕྱི་ཚེས་བཅུ་གཉིས་དང་བཅུ་གསུམ་ཉིན་ཆིབས་བསྒྱུར་གནང་རྒྱུའི་དགོངས་འཆར་གསུང་ཀྱི་ཡོད་ཀྱང་སྐབས་དེར་༸གོང་ས་མཆོག་གི་ཨ་རིའི་ནང་དང་དེ་རྗེས་ཇར་མ་ནི་ནང་གི་ཆིབས་བསྒྱུར་དང་ཆོས་འབྲེལ་གྱི་མཛད་འཆར་ཁག་སྔོན་ནས་གཏན་འཁེལ་གོ་སྒྲིག་ཟིན་པ་ལྟར་དུས་ཚོད་སྟབས་འགྲིག་གི་མེད་པའི་སྐོར་གསུངས་ཡོད་པ་རེད།
འདི་ག་རྒྱལ་ས་ལྦ་ཤིང་ཊོན་དུ་ཡོད་པའི་རྩེད་འགྲན་ཚོགས་པའི་མགྲིན་ཚབ་པས་རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་རྩེད་འགྲན་གྱི་མཛད་སྒོར་གདན་ཞུ་འབུལ་རྒྱུ་ཕྱིར་འཐེན་བྱས་པ་དེ་ནི་རྒྱ་ནག་གི་གནོན་ཤུགས་ཡིན་པ་ངོས་ལེན་བྱས་མེད་ཅིང་ཀྱང་ཨེ་པི་གསར་ཤོག་དང་དེ་བཞིན་རྩེད་འགྲན་ཚོགས་ཡུལ་ཨ་མི་རི་ཀའི་མངའ་སྡེ་ཨཡི་ཌ་ཧོ་ནང་གི་བརྙན་འཕྲིན་ཀེ་ཊི་བི་སྦི་ཞེས་པའི་ཐོག་རྒྱ་ནག་གི་གནོན་ཤུགས་བརྒྱུད་འགོག་རྐྱེན་བཟོས་པ་ཞིག་ཡིན་པའི་སྐོར་གནས་ཚུལ་རྒྱང་བསྲིངས་བྱས་ཡོད་པ་རེད༎
———
Back