རྒྱ་ནག་ཏུ་ཕེབས་འཆར་

22/08/2009 16:54

ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་རེད།

ཨ་མི་རི་ཀའི་སྲིད་འཛིན་རྦ་རཀ་ཨོ་སྦ་མ་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་གྱི་ནང་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་

པ་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་པས་གསུངས་འདུག སྐབས་དེར་གཙོ་བོ་

གོ་ལའི་དཔལ་འབྱོར་གྱི་གནས་བབས་དང་བྱང་ཀོ་རི་ཡ།གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་བཀའ་

བསྡུར་གནང་རྒྱུ་ཡིན་པ་རེད།

འོན་ཀྱང་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་ཇོན་ཧན་སི་མཱེན་གྱིས་གསར་འགོད་པ་ཚོར་སྲིད་འཛིན་རྒྱ་ནག་ཏུ་

ཕེབས་རྒྱུའི་ཚེས་གྲངས་ངེས་གཏན་གསལ་བཤད་གང་ཡང་གནང་མེད་པ་རེད།   གནད་དོན་དབྱེ་ཞིབ་པ་ཚོས་ཨ་

རིའི་སྲིད་འཛིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་དང་བཅོ་ལྔ་ཉིན་གྲངས་གཉིས་རིང་སིང་ག་པུར་རུ་ཚུགས་

རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཡུལ་གྲུའི་དབུ་འཁྲིད་ཁག་གི་ཚོགས་

འདུར་ཕེབས་རྗེས་རྒྱ་ནག་དང་དེ་མིན་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གཅིག་གི་ནང་འཚམས་གཟིགས་གནང་རྒྱུ་ཡིན་པའི་

ཚོད་དཔག་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་ནང་གི་ཨ་མི་རི་ཀའི་གཞུང་ཚབ་གསར་པ་སྐུ་ཞབས་ཇོན་ཧན་སི་མེན་ནི་པེ་ཅིང་དུ་འབྱོར་ཏེ་རྒྱུན་རིང་འགྲོ་

གི་མེད་པ་དང་ཁོང་ནི་རྒྱ་སྐད་ཧ་ཅང་བདེ་པོ་མཁྱེན་མཁན་ཞིག་ཡིན་པ་རེད།   གཟའ་སྤེན་པའི་ཉིན་ཨ་རིའི་གཞུང་

ཚབ་ཀྱི་གཟིམ་ཁང་དུ་གསར་འགོད་པ་ཚོར་བཀའ་མོལ་གནང་སྐབས་རྒྱ་སྐད་དང་དབྱིན་སྐད་གཉིས་ཀའི་ཐོག་ནས་

གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་འདུག

ཁོང་གིས་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་པ་

གསུངས་ཞིང་ལྷག་པར་དུ་འདི་ལོའི་ལོ་མཇུག་ཚུན་ཆད་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་བཟང་པོ་ཞིག་ཏུ་འགྱུར་

རྒྱུ་ཡིན་པ་གསུངས་འདུག     འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིའི་སྲིད་འཛིན་རྦ་རཀ་ཨོ་སྦ་མ་དང་རྒྱ་ནག་

གི་སྲིད་འཛིན་ཧུའུ་ཇིན་ཐའོའི་དབར་གྱི་ཆེས་མཐོའི་ལྷན་ཚོགས་དེའི་སྐབས་ཨ་རིའི་སྲིད་འཛིན་གྱི་ངོས་ནས་རྒྱ་ནག་

གཞུང་གིས་ཚོང་དང་དཔལ་འབྱོར་ཐོག་བཟུང་བའི་སྲིད་བྱུས་དང་དེ་བཞིན་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞིའི་

གནད་དོན།གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཕན་ཚུན་དབར་མི་མཐུན་པ་ཆེན་པོ་ཡོད་པའི་གནད་དོན་ཁག་

གི་ཐད་ལ་ཡང་བཀའ་བསྡུར་གནང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་གོ་ལའི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་རྒྱུ་མཚན་གཙོ་བོ་

ནི་ཨ་མི་རི་ཀའི་དཔལ་འབྱོར་སྲིད་བྱུས་ནོར་འཁྲུལ་ཅན་དེ་ཡིན་པ་ལན་མང་བརྗོད་ཡོད་པ་དང་ཡང་ཨ་མི་རི་ཀའི་

གཞུང་གིས་བྱང་ཀོ་རི་ཡའི་ཐོག་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་སྣོན་མ་འགེལ་རྒྱུའི་བསམ་འཆར་ལ་རྒྱ་

ནག་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མེད་ཅིང་དེ་བཞིན་ཨ་མི་རི་ཀའི་གཞུང་གིས་འཛམ་གླིང་ནང་གི་ཡུལ་གྲུ་ཆེ་ཁག་

ཚང་མས་མཁའ་རླུང་འབག་བཙོག་བཟོ་གཞིའི་རྫས་རླངས་ཉུང་དུ་གཏོང་དགོས་སྐོར་བརྗོད་པར་རྒྱ་ནག་གཞུང་གིས་

ཨ་མི་རི་ཀ་ལྟ་བུ་འབྱོར་ལྡན་ཡུལ་གྲུ་ཚོས་འགན་འཁུར་མང་ཙམ་བླང་དགོས་པ་བརྗོད་བཞིན་ཡོད་པ་རེད།

ཨ་མི་རི་ཀའི་གཞུང་ཚབ་པ་ཇོན་ཧན་སི་མེན་ནི་དེ་སྔོན་ཨ་རིའི་ཡུའུ་ཊ་མངའ་སྡེའི་སྲིད་སྐྱོང་པ་གནང་ཡོད་པ་

དང་ཧན་སི་མེན་རྫས་རིགས་བཟོ་བསྐྲུན་ཁེ་གཉེར་ལས་ཁང་ཟེར་བ་དེའི་བདག་པོ་ཡང་ཡིན་ཞིང་ཁེ་གཉེར་ལས་

ཁང་དེར་རྒྱ་ནག་གི་གྲོང་ཁྱེར་ཤང་ཧེ་ནང་ལ་ཡང་བཟོ་གྲྭ་ཞིག་ཡོད་པ་རེད། ཁོང་ལ་བུ་ཕྲུག་བདུན་ཡོད་པ་ནས་

གཅིག་རྒྱ་ནག་ནས་ད་ཕྲུག་བུ་ཚབ་ཏུ་ཉར་བ་ཞིག་ཡིན་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།