རྒྱ་ནག་དང་ཐའེ་ལྦན་

31/08/2009 12:25

རྒྱ་ནག་དང་ཐའེ་ལྦན་བར་ཤུགས་རྐྱེན་ངན་པ་ཐེབས་ངེས་ལུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ལྦན་གླིང་ཕྲན་དུ་ཆིབས་

བསྒྱུར་གནང་བ་དེ་རྒྱ་ནག་དང་ཐའེ་ལྦན་གཉིས་དབར་གྱི་འབྲེལ་བར་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་ལུགས་རྒྱ་

ནག་གཞུང་གིས་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་ཕྱི་བསྒྲགས་བྱས་འདུག

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐའེ་ལྦན་དུ་ཆིབས་བསྒྱུར་གནང་བ་དེས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ལྦན་

གླིང་ཕྲན་གཉིས་དབར་གྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་པ་རེད་ཅེས་རྒྱ་ནག་གི་ཐའེ་ལྦན་ལས་དོན་

ལས་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་བྱས་འདུག     རྒྱ་ནག་གཞུང་གི་མགྲིན་ཚབ་པ་དེས་སྐྱོན་བརྗོད་ཀྱི་ཁ་

ཕྱོགས་ཐའེ་ལྦན་མང་གཙོ་ཡར་ཐོན་ཚོགས་པར་ཕྱོགས་སྟོན་བྱས་པ་ཡིན་པ་རེད།

༸གོང་ས་མཆོག་ཐའེ་ལྦན་ནང་དྲག་ཆར་རླུང་འཚུབ་དང་ཆུ་རུད་ཀྱི་གོད་ཆགས་ཕོག་པ་ཚོར་ཐུགས་སྨོན་གསོལ་

འདེབས་དང་སེམས་གསོ།གདུང་སེམས་མཉམ་སྐྱེད་སོགས་གནང་རྒྱིུའ་སྐུ་དོན་ཆེད་ཐའེ་ལྦན་མང་གཙོ་ཡར་ཐོན་

ཚོགས་པས་གདན་ཞུ་ཕུལ་བ་ལྟར་༸གོང་ས་མཆོག་གིས་ཆིབས་བསྒྱུར་བསྐྱངས་པ་ཡིན་པ་རེད།  འོན་ཀྱང་རྒྱ་ནག་

གཞུང་གིས་སྔར་རྒྱུན་དང་འཆར་ཅན་གྱི་སྐྱོན་བརྗོད་མང་དག་ཞུས་ཡོད་ཅིང་ལྷག་དོན་དུ་མང་གཙོ་ཡར་ཐོན་ཚོགས་

པས་སྐུལ་སློང་ངན་པ་བཟུང་ནས་༸གོང་ས་མཐོག་ཐའེ་ལྦན་དུ་གདན་ཞུ་གནང་བ་ཡིན་ཚུལ་དང་༸གོང་ས་མཆོག་

ནི་ཁ་བྲལ་བ་ཡིན་ཚུལ་སོགས་སྐྱོན་བརྗོད་སྣ་ཚོགས་ཞུས་ཡོད་པ་རེད།

ཡང་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བརྗོད་པར་༸གོང་ས་མཆོག་གི་ཐའེ་ལྦན་ཆིབས་བསྒྱུར་དེར་ང་ཚོས་མཐའ་ཅིག་

ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་དང་ང་ཚོའི་ལངས་ཕྱོགས་ནི་གཡོ་བ་མེད་ལ་གསལ་པོ་ཡང་ཡིན་ཞེས་དང་ང་ཚོས་གནས་

སྟངས་ལ་བལྟ་ཞིབ་ནན་པོ་བྱེད་ཀྱི་ཡིན་ཞེས་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བརྗོད་འདུག སྤྱིར་བཏང་རྒྱ་ནག་གཞུང་

གིས་༸གོང་ས་མཆོག་ས་ཕྱོགས་གང་དུ་ཕེབས་ཀྱང་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་ལྷག་པར་དུ་ཐའེ་ལྦན་དང་རྒྱ་ནག་གཉིས་

དབར་ལོ་རྒྱུས་ནས་ལྷག་པའི་བདག་དབང་གི་རྩོད་པ་ཡོད་བཞིན་པར་བརྟེན་༸གོང་ས་མཆོག་གི་ཆིབས་བསྒྱུར་ལ་དེ་བས་

རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

ཐའེ་ལྦན་གྱི་དྲག་ཆར་རླུང་འཚུབ་དེའི་ནང་ཉུང་མཐར་མི་གྲངས་༥༧༡ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་དང་སྲིད་འཛིན་

མ་ཡིང་འཇུ་ཡིས་སྐབས་འཕྲལ་རོགས་སྐྱོབ་ལས་དོན་མི་མང་འདོད་བློ་ཁེངས་པ་བྱུང་མེད་སྟབས་མི་མང་གི་འདོད་

འདུན་ལ་བསྟུན་ཏེ་༸གོང་ས་མཆོག་ཐའེ་ལྦན་དུ་ཕེབས་འཐུས་བཀའ་འཁྲོལ་གནང་བ་ཡིན་པ་རེད། འོན་ཀྱང་ཆིབས་

བསྒྱུར་ཆོས་ཕྱོགས་མཛད་འཆར་ཁོ་ནའི་ཆེད་དུ་ཡིན་ལུགས་ཐའེ་ལྦན་སྲིད་གཞུང་གིས་གཞུང་འབྲེལ་གསལ་བཤད་གང་

ཐུབ་གནང་དང་གནང་བཞིན་པ་རེད༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།