རྒྱན་འཛུགས་ཤོ་རྒྱག

26/03/2009 20:33

རྒྱན་འཛུགས་ཤོ་རྒྱག

འདོན་སྤེལ། ༢༠༠༩/༠༣/༢༥ དུས་བབ།

དེང་སྐབས་བོད་ནང་གི་འབྲོག་ཕྱོགས་སུ་རྒྱན་འཛུགས་ཤོ་རྒྱག་གི་གནས་སྟངས་ཚབས་ཆེན་ཆགས་ཏེ། འཚོ་བའི་གནས་སྟངས་སྐྱོ་བོ་ཆགས་ཤིང་བུ་ཕྲུག་སློབ་གྲྭར་སྐྱེལ་མ་ཐུབ་པ་དང༌། བཟའ་ཐོར་རྒྱག་པ། ཐ་ན་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཡང་ཡོང་གིན་འདུག་ཟེར།

 ཕ་ཡུལ་རྨ་ལྷོ་སོག་རྫོང་ནས་ཡིན་ཞིང༌། ད་ལྟ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་ཁང་ཚན་དུ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་འཇིགས་མེད་ལགས་ཉེ་ཆར་འདི་གའི་གསར་ཁང་ལ་ཆེད་དུ་བཅར་ཏེ། ཁོའི་ཕ་ཡུལ་སོག་རྫོང་གཙོས་པའི་བོད་ཀྱི་ས་ཆ་ཁག་ཏུ་རྒྱན་འཛུགས་ཤོ་རྒྱག་གི་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ་དང༌། གནད་དོན་འདིའི་ཐད་རང་དབང་ལུང་པའི་བླ་སྤྲུལ་དང་གནད་ཡོད་མི་སྣ་ཚོས་བཀའ་སློབ་ལམ་སྟོན་གནང་གལ་ཆེན་ཚུལ་བརྗོད་དོན། ད་ལྟ་བོད་ཀྱི་ས་ཆ་གང་སར་རྒྱན་འཛུགས་ཤོ་རྒྱག་གི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པ་མ་ཟད། ལྷག་པར་དུ་ངའི་ཕ་ཡུལ་རྨ་ལྷོ་སོག་རྫོང་ལྟ་བུར་མཚོན་ན། ཁུལ་དང་རྫོང་སོགས་སུ་ཇ་ཁང་གི་མིང་ཐོག་ནས་རྒྱན་འཛུགས་ཁང་མང་པོ་ཕྱེས་ཏེ། ས་གནས་འབྲོག་པ་མང་ཚོགས་ལ་དཀའ་ངལ་ཤུགས་ཆེན་འཕྲད་ཀྱིན་འདུག་ཟེར། མང་ཚོགས་ཀྱིས་བརྩི་བཀུར་དང་ཆེ་མཐོང་ཡོད་པའི་མི་སྣ་དང༌། མང་ཚོགས་ལ་སློབ་གསོ་ལམ་སྟོན་གནང་མཁན་མེད་པའི་ཁར། རྒྱ་གཞུང་གིས་ཀྱང་རྐང་བཙུགས་ཏེ་སྤྱི་ཚོགས་རུལ་སུངས་ལ་གྱུར་དུ་བཅུག་སྟེ། རྒྱན་འཛུགས་ཤོ་རྒྱག་གི་གནས་སྟངས་ཚབས་ཆགས་འདུག ཁྱིམ་ཚང་ལ་དཔལ་འབྱོར་གྱི་གྱོང་གུད་རྒྱག་གིན་ཡོད་པ་མ་ཟད། བུ་ཕྲུག་སློབ་གྲྭར་སྐྱེལ་མ་ཐུབ་པར་འཕྲོ་རླག་ཏུ་འགྲོ་བཞིན་འདུག་ལ། བཟའ་ཐོར་གྱི་གནས་ཚུལ་ཡང་མང་པོ་ཡོང་གིན་འདུག ད་དུང་སྡེ་བ་དང་ཁྱིམ་ཚང༌། གྲོགས་ཕན་ཚུན་བར་ལ་མཁོན་འཛིང་དང༌། ཐ་ན་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཡང་ཡོང་གིན་འདུག

 ཐོག་མར་ནོར་ལུག་འཚོ་མཁན་ཚོས་རྩེད་མོའི་ཚུལ་དུ་དངུལ་ཉུང་ངུ་རེ་འཇོག་པ་དང་རིམ་གྱིས་ཕྱུགས་ཟོག་རྒྱན་ལ་འཇོག་པ། དེ་ལྟར་ཤུགས་ཆེ་རུ་ཕྱིན་ཏེ་ཁྱིམ་ཚང་དང་བཟའ་ཟླ་བུ་ཕྲུག་སོགས་ཀྱང་འཇོག་གིན་འདུག་ཟེར། གཞོན་སྐྱེས་ཚོ་རྫོང་དང་ཁུལ། ཟི་ལིང་གྲོང་ཁྱེར་སོགས་སུ་སོང་སྟེ་རྒྱན་འཛུགས་ཀྱིན་ཡོད་པ་དང༌། ཉེ་ཆར་རྒྱན་འཛུགས་མཁན་ཞིག་གིས་བཤད་པ་ལྟར་ན། ལོ་འདི་འགར་རྒྱན་བཙུགས་ཏེ། རྒྱ་སྒོར་ཁྲི་བརྒྱ་ ༡༠༠༠༠༠༠ ལྷག་ཤོར་ཚར་སོང༌། གལ་སྲིད་རྒྱ་སྒོར་ཁྲི་ཉིས་བརྒྱ་ ༢༠༠༠༠༠༠ ཤོར་བ་ཡིན་ན། རྒྱན་གཅོད་རྒྱུ་ཟེར་གྱིན་འདུག་ཟེར། དངུལ་འབོར་དེ་འདྲ་ཤོར་གྱིན་ཡོད་པ་ཁོ་གཅིག་པུ་མ་རེད་གཞན་མང་དག་ཅིག་ཡོད། རྨ་ལྷོ་སོག་རྫོང་ཁེའུ་སིན་ཞིང་བེ་སིའི་སྡེ་བའི་ཚེ་རིང་ཟེར་བ་ཞིག་གིས་རྒྱན་བཙུགས་ཏེ། དངུལ་ཡོངས་རྫོགས་ཤོར་བ་མ་ཟད་མཐར་ཁང་པ་ཤོར་ཏེ། ད་ལྟ་གར་སོང་ཆ་མེད་ཆགས་འདུག་ཟེར། རྒྱན་འཛུགས་ཀྱི་དཀའ་ངལ་དེ་རྨ་ལྷོ་སོག་རྫོང་གཅིག་པུ་མ་རེད། ལྷ་ས་གཙོས་པའི་བོད་ཁུལ་ཡོངས་དང༌།

ལྷག་པར་དུ་འབྲོག་ཕྱོགས་སུ་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་འདུག

 དེང་སྐབས་རྨ་ལྷོ་ཁུལ་དང་སོག་རྫོང་གི་རྒྱན་འཛུགས་ཁང་ཆེ་ཁག་ཏུ་ཉུང་མཐར་རྒྱ་སྒོར་ཁྲི་གཅིག་མེད་ན་ཡོང་ཆོག་གིན་མི་འདུག་ཟེར། ཟི་ལིང་གྲོང་ཁྱེར་ལ་མཚོན་ན་སྔར་བོད་རིགས་ཉུང་ལ། ལྷག་པར་དུ་རྨ་ལྷོ་སོག་རྫོང་གི་འབྲོག་པ་ཉུང་མོད། དེང་སྐབས་རྨ་ལྷོ་སོག་རྫོག་གི་རྒྱན་འཛུགས་མཁན་མང་པོ་སླེབས་འདུག་ཟེར། སྔོན་མ་ཡིན་ན་ཁྱིམ་ཚང་གང་ཞིག་ལ་མི་ཤི་གོད་ཆག་གི་དོན་རྐྱེན་བྱུང་ན། སྡེ་བ་འཚོ་བས་ལྟ་སྐྱོང་དང་རོགས་རམ་བྱེད་སྲོལ་ཡོད་མོད། རྒྱན་འཛུགས་ཤོ་རྒྱག་གིས་ཁྱིམ་ཚང་སྟོང་བ་ཆགས་ན། སྡེ་བ་འཚོ་བའི་རོགས་རམ་ཕར་ཟད། ཐ་ན་གཉེན་ཉེ་དང་གྲོགས་པོ་ཚོས་ཀྱང་ཁ་ཡ་བྱེད་ཀྱིན་མི་འདུག་ཟེར། གོ་ཐོས་ལྟར་ན། དཀའ་ངལ་དེས་དབང་གིས་ཁྱིམ་ཚང་ཞིག་གི་བུ་མོ་མནའ་མར་སྟེར་སྐབས། བུ་མོའི་ཕ་མས་མག་པ་རྒྱན་འཛུགས་མཁན་ཡིན་མིན་བརྩད་གཅོད་བྱེད་པ་དང༌། བུ་མོས་ཀྱང་སོ་སོའི་ཁྱོ་ག་ཤོ་རྒྱག་མཁན་ཞིག་མིན་པའི་སྨོན་ལམ་རྒྱག་གིན་འདུག་ཟེར། གནད་དོན་དེར་དམིགས་ཏེ། རང་དབང་ལུང་པར་ཡོད་པའི་བླ་སྤྲུལ་ཚོས་ཆེད་དུ་གསར་འགྱུར་བརྒྱུད་ལམ་བེད་སྤྱད་དེ།

 

བཀའ་སློབ་ལམ་སྟོན་ཁ་གསལ་ཞིག་གནང་རྒྱུ་གལ་ཆེན་རེད།

དེ་བཞིན། ཉེ་ཆར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གཞིས་ཆགས་སུ་གཞིས་མགོ་གསར་བ་ཞིག་སླེབས་འདུག་ལ། ཁོང་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་འདུག གང་ཡིན་ཟེར་ན། སྔོན་མ་མོན་གྷོ་གཞིས་ཆགས་ནང་ཆང་ཁང་རེ་ཟུང་དང༌། རྒྱན་འཛུགས་ས་ཁྱིམ་ཚང་གཉིས་ཡོད། གཞིས་མགོ་གསར་བས་དེ་དག་བཀག་འགོག་བྱས་ཤིང་དངུལ་ཆད་བཅད་ཡོད་ལ། མ་འོངས་པར་གྲོང་སྡེ་གང་ཞིག་ཏུ་རྒྱན་འཛུགས་མཁན་བྱུང་ན། བརྒྱ་དཔོན་བཅུ་དཔོན། མི་ཚང་དང་བཅས་ལ་དངུལ་ཆད་གཅོད་རྒྱུ་ཐག་གཏོད་བྱས་ཡོད། དེ་ཚོ་ཧ་ཅང་ཡག་པོ་རེད། གོ་ཐོས་སུ་ངྷ་རམ་ས་ལར་ཡང་རྒྱན་འཛུགས་ཁང་འགའ་རེ་ཡོད་རབས་འདུག རྒྱན་འཛུགས་ཤོ་རྒྱག་རྩ་མེད་བཟོ་བ་དེ་ཆོས་དང་འཇིག་རྟེན། རྒྱལ་སྤྱིའི་ཁྲིམས་ཚང་མར་མཐུན་པ་ཞིག་རེད། འདི་དག་ལ་ངེས་པར་དུ་བོད་གཞུང་གི་ངོས་ནས་ཐུགས་སྣང་བཞེས་དགོས་ཀྱིན་འདུག ཅེས་བརྗོད་བྱུང༌།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།