རྒྱུད་འཛིན་བྱ་དགོས།
30/07/2009 15:12
ཡ་རབས་ཀྱི་གོམས་གཤིས་རྒྱུད་འཛིན་བྱ་དགོས།
བོད་ཀྱི་དུས་བབ།
ཁྱེད་རང་ཚོས་ནང་མི་ལ་སྐད་ཆ་ཤོད་སྐབས་བོད་སྐད་རྒྱག་རྒྱུ་ཙམ་མ་ཟད། དུས་རྟག་ཏུ་བོད་མི་རིགས་ཀྱི་
ཐུན་མོང་མ་ཡིན་པའི་ཡ་རབས་གོམས་གཤིས་བཟང་པོ་རྒྱུན་འཛིན་བྱ་དགོས་ཅེས་བཀའ་བློན་ཁྲི་པས་
གསུངས་ཡོད།
ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བཀའ་བློན་ཁྲི་པ་ཟམ་གདོང་
རིན་པ་ཆེ་མཆོག་ནས། འདི་ལོ་ཟླ་ ༧ ཚེས་ ༣ ནས་འཆར་ཟླའི་ཚེས་ ༧ བར་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་
བྱང་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་མཉམ་འབྲེལ་བྱས་ཏེ། ཕྱི་རྒྱལ་ཡུལ་ཁག་གི་དབྱར་ཁའི་གུང་
གསེང་དང་སྟབས་བསྟུན་གྱིས་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་བྱང་ཨ་རིའི་གནས་སྡོད་བོད་པའི་གཞོན་སྐྱེས་
སློབ་ཕྲུག་རྣམས་ལ་བོད་པའི་ཡ་རབས་གོམས་གཤིས་དང་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་གོ་སྒྲིག་ཞུས་ཡོད་པ་
དང། ཐེངས་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦ ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་སློོབ་མ་ ༧༣ ལྷག་འདུ་
འཛོམས་བྱུང་ཡོད་སྟབས། བཀའ་ཁྲི་མཆོག་ནས་བོད་པའི་གཞོན་སྐྱེས་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་
སློབ་གནང་ཡོད།
ཁོང་གིས་གསུངས་དོན། ཁྱེད་རང་ཚོ་ལུང་པ་གསར་བ་ཞིག་དང་སློབ་གྲྭ་གསར་པ་ཞིག་ལ་སླེབས་སྐབས་
དཀའ་ལས་ཁག་པོ་ཡོད་ངེས་རེད། ཡིན་ནའང་། ཁྱེད་རང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་
རིགས་དང་རིག་གཞུང་ལ་གཅེས་སྐྱོང་བྱ་རྒྱུ་དེ་ནི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཆགས་ཡོད་པ་རེད་
ལ་། སོ་སོའི་ནང་མི་དང་སྐད་ཆ་བཤད་སྐབས་ཀྱང་བོད་སྐད་རྒྱག་རྒྱུ་ཙམ་མ་ཟད། དུས་རྟག་ཏུ་བོད་མི་
རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་ཀྱི་གོམས་གཤིས་བཟང་པོ་དེ་དག་རྒྱུན་འཛིན་བྱ་རྒྱུ་ནི་ཧ་ཅང་
གལ་ཆེན་པོ་རེད། དེ་བཞིན། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་ལ་རྒྱུས་
ལོན་དང་ཤེས་རྟོགས་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་ཀྱི་ལམ་སྟོན་བཀའ་སློབ་གནང་སོང་ལ། བོད་པའི་སློབ་ཕྲུག་ཚོ་དང་མཉམ་དུ་དྲི་བ་དྲིས་ལན་ཡང་གནང་ཡོད།
———
Back