རྔ་སྟོད་སྒོ་མང་སྐད་འབོད།

09/03/2009 09:27

རྔ་སྟོད་སྒོ་མང་དགོན་གྱི་སྐད་འབོད།

དུས་བབ།

ཕྱི་ཚེས་ ༥ ཉིན་རྔ་པ་རྔ་སྟོད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་དང་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས། བོད་རྒྱ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུའི་ལོ་ནག་སྲུང་གཙི་བྱ་དགོས། བོད་མིར་ཞི་བདེ་དང་རང་དབང་དགོས། བོད་མི་རྩམ་གཟན་ཚང་མ་ལོངས་ཤོག ཅེས་སྐད་འབོད་བྱས་འདུག

 

ད་སོ་མ་རྒྱ་གར་ལྷོ་ཕྱོགས་སྒོ་མང་གྲྭ་ཚང་གི་གྲྭ་གསུང་རབ་རྒྱ་མཚོས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྤྱི་ཟླ ༣ པའི་ཚེས་ ༥ ཉིན་མདོ་སྨད་རྔ་པ་རྔ་སྟོད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ ༢༠ ལྷག་གིས་སྣེ་ཁྲིད་འོག ཚོ་དྲུག་གྲོང་ཚོའི་མི་སྐྱ་སོགས་མི་གྲངས་ ༢༠༠ ལྷག་གིས་བོད་རྒྱ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུའི་ལོ་ནག་སྲུང་བརྩི་བྱ་དགོས། ང་ཚོ་ལ་ཞི་བདེ་དང་རང་དབང་དགོས། བོད་མི་རྩམ་གཟན་ཚང་མ་ཡར་ལོངས་ཤོག ཅེས་དགོན་པ་ནས་སྤྱི་ལེ་ ༢ ལྷག་གི་མཚམས་སུ་ཞི་བའི་སྐད་འབོད་བྱས་ཡོད་པ་དང༌། ཁོང་ཚོ་མུ་མཐུད་རྔ་པ་རྫོང་ཐོག་ལ་འགྲོ་རྩིས་བྱེད་སྐབས། དགེ་འདུན་པ་ཚོའི་ནང་མི་དང་ཕ་མ་གཉེན་ཉེ་ཚོས་ངུ་འབོད་བྱེད་བཞིན་བཀག་འགོག་བྱས་ཤིང༌། དེར་ཡོད་རྫོང་ཉེན་རྟོག་པ་དང་དམག་མི་མང་པོས་མཐའ་བསྐོར་ཏེ། གྲྭ་བ་ཚོ་བཙན་གྱིས་ཕྱིར་དགོན་པར་ལོག་གི་བཅུག་ཡོད་པ་དང༌། གྲྭ་ཏིང་འཛིན་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག ད་ལྟ་རྔ་སྟོད་སྒོ་མང་གྲྭ་ཚང་གི་ཕྱོགས་ཡོངས་སུ་དམག་མིས་བསྐོར་ཏེ་དམ་དྲག་བྱས་ཡོད་པ་མ་ཟད། དགེ་འདུན་པ་དང་མི་སྐྱ་ཚོ་དགོན་པའི་ནང་འགྲོ་འོང་བྱེད་པར་བཀག་སྡོམ་བྱས་འདུག་ཟེར།

 

རྒྱ་ནག་གི་གསར་ལམ་ཁག་ཅིག་ཏུ་ཉེ་ཆར་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དགེ་འདུན་པ་བཀྲ་བྷེ་ལགས་འཆི་སྐྱོན་བྱུང་མེད་པར་ད་ལྟ་གསོན་ཡོད་ཚུལ་བརྗོད་ཡོད་སྟབས། གནད་དོན་དེའི་སྐོར་གསར་འགོད་པས་ཁ་པར་བརྒྱུད་ཀིརྟི་དགོན་པའི་གྲྭ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། དྲ་ལམ་ཁག་ཅིག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། བཀྲ་བྷེ་ལགས་ད་ལྟ་གསོན་ཡོད་པ་མ་ཟད། ཉེ་ཆར་ཁོང་གི་ཕ་མ་གཉིས་ལ་སི་ཁྲོན་རྨར་ཁམས་དམག་མིས་སྨན་ཁང་ཞིག་ཏུ་སྐར་མ་ཁ་ཤས་རིང་ངོ་ཐུག་བཅུག་ཡོད་ཚུལ་དང༌། ད་ལྟ་སྨན་ཁང་དུ་ཆུ་འཐུང་ཐུབ་པ་དང་ཤིང་ཏོག་ཟ་ཐུབ་པའི་སྐོར་བརྗོད་འདུག གྲྭ་ཚེ་རིང་གི་མུ་མཐུད་དུ་བརྗོད་དོན། བཀྲ་བྷེ་ལགས་ཀྱི་ཕ་མ་གཉིས་ཁོང་ལ་ཐེངས་གཅིག་ཐུག་འཕྲད་བྱུང་ཡོད་པ་ཕལ་ཆེར་བདེན་པ་ཡིན་མོད། རྗེས་སུ་བསྐྱར་དུ་ཐུག་འཕྲད་བྱ་རྒྱུར་རྒྱ་གཞུང་གི་ཆོག་མཆན་ཐོབ་ཡོད་མི་འདུག འོན་ཀྱང༌། ཁོ་རང་མེར་བསྲེགས་བཏང་བའི་གནས་སྟངས་ལ་གཞིགས་ན། ཉིན་ཁ་ཤས་ལས་གསོན་ཐབས་བྲལ་བ་ཆགས་ཡོད། ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་ཀྱིན་མི་འདུག ཅེས་བརྗོད་བྱུང༌།

 

གསར་འགོད་པ་དོན་གོ་ཡིན།

    

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།