རྡབ་གསིག་གཏོང་ག་ཡོང་མིན།
05/08/2009 19:01
ང་འདིར་རྡབ་གསིག་གཏོང་གི་ཡོང་བ་མིན།
བོད་ཀྱི་དུས་བབ།
ང་རང་འདིར་ཡོང་རྒྱུ་དེའང་སློབ་སྦྱོར་གསར་པ་རེ་འཐོབ་རྒྱུར་བསམ་ནས་ཡོང་བ་ཡིན་མ་གཏོགས། མི་ལ་རྡབ
་གསིག་གཏོང་བའི་ཆེད་དུ་ཡོང་བ་གཏན་ནས་མིན་ཞེས་༧གོང་ས་མཆོག་གིས་གསུངས་ཡོད།
རེས་གཟའ་ཟླ་བའི་ཉིན་གྱི་གུང་ཚིགས་སུ་༧གོང་ས་མཆོག་སུད་སིའི་ས་གནས་ལོ་སན་ནེ་ Lausanne ཞེས་པར་
ཞབས་སོར་བཀོད་ཡོད་པ་དང་། ཚེས་བཞིའི་ཉིན་ལ་མེ་ལི་ཞེས་པར་ཆོས་ཞུ་བ་སྟོང་ཕྲག་བཅུ་གཉིས་ཙམ་ལ་རྗེ་
ཙོང་ཁ་ཆེན་པོའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་ཡོད་འདུག དེ་དང་ལྷན་དུ་༧གོང་ས་མཆོག་གིས་
མང་ཚོགས་ལ་གསུང་བཤད་གནང་དོན། འདས་ལོའི་ཕྱི་ཟླ་ ༣ པའི་དོན་རྐྱེན་དེ་དང་པོ་རྒྱལ་ས་ལྷ་ས་ནས་མགོ་
བཙུགས་ཡོད་པ་དང། རིམ་པས་བོད་ཕྱི་ནང་ཀུན་ཏུ་ཁྱབ་འཕེལ་ཕྱིན་པ་རེད། དེའི་རིང་དུ་རྒྱ་ཕྱོགས་ནས་ངོ་རྒོལ་
དེ་ཞི་འཇམ་ཡོང་སླད་དུ་དམག་དཔུང་ཚད་ལས་བརྒལ་བ་བཏང་ནས་དྲག་གནོན་བྱས་ཡོད་པ་དང་།
ཕྱི་ཡུལ་གནས་སྐོར་བ་རྣམས་ཀྱིས་གཙོས་པའི་གསར་འགོད་པ་ཐམས་ཅད་བོད་དུ་ཡོང་རྒྱུ་དང་གནས་ཚུལ་རྟོག་
ཞིབ་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་རེད། དེ་བཞིན་སྐབས་དེའི་རིང་རྒྱ་གཞུང་གིས་ང་ནི་རྒྱ་བོད་ཁ་བྲལ་གཏོང་
མཁན་གྱི་ཁ་བྲལ་བ་ཞིག་ཡིན་པ་དང། ལས་འགུལ་དེ་དག་ངན་སྐུལ་བྱེད་མཁན་ང་ཡིན་ཚུལ་གསལ་བཤད་བྱས་
ཡོད།
གང་ལྟར་ཡང། སྐབས་དེའི་རིང་དུ་བོད་ཀྱི་ལས་འགུལ་བ་སྟོང་ཕྲག་བཞི་ཙམ་བཙོན་འཇུག་དང་གཅར་རྡུང་བྱས་
ཡོད་པ་མ་ཟད། རང་ཡུལ་ནས་རང་སྐད་སྤྱོད་མི་ཆོག་པའི་བཀའ་རྒྱ་གཏོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ངས་
རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་འབོད་ཞུ་རྒྱུར། བོད་ནང་དུ་བོད་མི་ཚོ་ད་ལྟའང་ཆེས་ཛ་དྲག་གི་གནས་སྟངས་འོག་ཏུ་
ཡོད་པས། ཁྱེད་ཚོ་ངེས་པར་དུ་བོད་དུ་ཕེབས་ནས་བོད་ཀྱི་དངོས་དོན་གང་ཡིན་པ་དང།
རྒྱ་ནག་གི་སྲིད་ཇུས་གང་འདྲ་ཞིག་ལག་བསྟར་བྱེད་མུས་ཡིན་པ་འདྲི་བརྩད་གནང་དང་མཁྱེན་གི་རེད། དེང་སང་
སྲིད་དབང་སྒེར་འཛིན་གྱི་རྒྱ་ནག་ལུང་པའི་ནང་ནས་ཀྱང་བོད་ཀྱི་དངོས་དོན་ལ་སེམས་ཁུར་དང་། ཡི་རངས། ང་
ཚོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་འགྲོ་བཞིན་ཡོད་པ་རེད། དཔེར་ན་རྒྱ་རིགས་རྩོམ་པ་པོ་མང་
པོ་ཞིག་གིས་དྲ་ཐོག་ནས་བོད་དོན་གྱི་སྐོར་ལ་རྩོམ་ཡིག་ ༦༠༠ ལྷག་ཙམ་སྤེལ་ཡོད་པ་ལྟ་བུ་རེད། དེ་འདྲ་ཡིན་
དུས་ངས་ལན་རེར་ངའི་ལངས་ཕྱོགས་ལ་རེ་འབྲས་མེད་པ་ལྟ་བུ་ཞིག་ཚོར་གྱིན་འདུག་ཀྱང།
ད་ལྟ་རྒྱ་མིས་གཙོས་པའི་རྒྱབ་སྐྱོར་བ་ཇེ་མང་འགྲོ་དུས་ངའི་ཕུགས་འདུན་རིང་པོའི་དམིགས་ཡུལ་དེར་ཡར་
རྒྱས་གཏོང་ཐུབ་པར་ཡིད་ཆེས་བརྟན་པོ་རྙེད་ཀྱི་འདུག་ཅེས་གསུངས་འདུག
སུད་སིའི་གསར་འགོད་པས་ད་ཐེངས་༸གོང་ས་མཆོག་ལ་སུད་སིའི་གཞུང་འབྲེལ་མི་སྣས་མཇལ་འཕྲད་མི་གནང
་རྒྱུར་ཐག་གཅོད་བྱུང་བ་དེར། སྐུ་ཉིད་ལ་དགོངས་ཚུལ་གང་ཡོད་ཚུལ་དྲིས་པར། ༧གོང་ས་མཆོག་གིས་ད་ཐེངས་
ང་རང་འདིར་ཡོང་རྒྱུ་དེའང་སློབ་སྦྱོར་གསར་པ་རེ་འཐོབ་རྒྱུར་བསམ་ནས་ཡོང་བ་ཡིན་མ་གཏོགས། མི་ལ་རྡབ་
གསིག་གཏོང་བའི་ཆེད་དུ་ཡོང་བ་གཏན་ནས་མིན་ཞེས་བཀའ་ལན་གནང་ཡོད་རེད། དེ་རིང་ཞོགས་པར་སངས་
རྒྱས་སྨན་ལྷའི་བཀའ་དབང་གནང་རྒྱུ་དང། ཡུ་རོབ་བོད་མིའི་སྡོད་སྒར་ནས་བརྟན་ཞུགས་འདེགས་འབུལ་ཞུ་རྒྱུ་
ཡིན་པ་རེད།
———
Back