རྡོ་རྗེ་བྲག

06/11/2009 11:10

        བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་འགངས་ཆེན་རྨ་འགྲམ་རྡོ་རྗེ་བྲག

བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་འགངས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གམ་ལོ་རྡོ་རྗེ་བྲག་ཏུ་འབོད་པ་ནི།   ད་ལྟའི་

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དང་བར་ཐག་སྤྱི་ལེ་བཞིས་ཆོད་པའི་ནུབ་ཕྱོགས་

སུ།   སྨད་ཀ་རིང་ལོ་བ་དང་བར་ཁོག་ལོ་བ།   སྟོད་རྒྱ་བཟའ་ལོ་བ་ཞེས་གྲགས་པའི་ལོ་ཁོག་སྡེ་བའི་སྡེ་འགྲམ་དུ་ཆགས་

ཡོད།  དེ་ཡང་བཤད་རྒྱུན་དུ་གྲགས་པ་ལྟར་ན།   སྤྱི་ལོ1690ལོའི་སྔོན་ཙམ་ལ།   ལ་མོ་ཚོགས་གཉིས་རྒྱ་མཚོ་དང་།  

རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་སོག་ཡུལ་དུ་ཕེབས་པའི་ཕྱག་ཕྱིར།   ཡུལ་མདོ་སྨད་དུ་ཕེབས་ནས་ལོ་རྡོ་རྗེ་བྲག་

ཏུ་རྒྱུན་བཞུགས་གནང་སྟེ་གནས་འདི་ཐོག་མར་ཁོང་གིས་བདག་དབང་མཛད་ཟེར།  དེ་ནས་བློ་ཁོ་རྡོ་རྗེ་འཆང་

ཚང་གནས་འདིར་ཞབས་ཀྱིས་བཅགས་སྟེ།  ཡུལ་དེའི་དད་ལྡན་སེར་སྐྱ་ཀུན་ལ་གདུགས་དཀར་གྱི་དབང་གནང་

ཞིང་དབང་བཤད་རྒྱས་པར་མཛད་ནས་སེམས་ཅན་མང་པོ་ཞིག་གི་རང་རྒྱུད་སྨིན་པར་བྱས། 

     ལོ་བཅུའི་ནང་ཟིང་ཁྲོད་གནས་འགངས་ཆེན་དེ་ལའང་མཆོད་འབུལ་གྱི་ལྷ་སྡེ་མེད་ཅིང་དད་ལྡན་གྱི་ཉམས་ལེན་

པ་མེད་པར་ས་སྟོང་ལུང་སྟོང་ལྟ་བུར་གྱུར་མོད།   འོན་ཀྱང་དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་དུས་མཇུག་ཏུ།  

བཅོས་བསྒྱུར་སྒོ་འབྱེད་ཀྱི་དཔྱིད་རླུང་རང་རྒྱལ་གྱི་ཡུལ་གྲུ་ཀུན་ལ་ལྡང་བ་དང་།    ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་

གཞོན་ཤར་རིའི་རྩེ་ནས་འཆར་བ་དང་མཉམ་དུ། གནས་མཆོག་འདི་ལའང་གཟི་མདངས་སླར་གསོ་རྒྱས་ཤིང་ཕྱོགས་

ཞིའི་དད་ལྡན་ངང་གིས་འགུགས་པའི་སྐལ་བ་བྱུང་།  

    སྤྱི་ལོ1992ལོར།  ལ་མོ་བདེ་ཆེན་གྱི་རྒྱབ་སྐུ་སྐུ་ཕྱོགས་ཨརྒ་རྒྱལ་མཚན་ཚང་གིས་སྣེ་ཁྲིད་འོག་སྣང་རའི་གྲོང་བརྒྱད་

ཀྱིས་གནས་དེར་འདུ་ཁང་གྱན་བདུན་མ་ཞིག་བཞེངས་མགོ་བརྩམས་ནས་གྲུབ་པ་ཡིན་ཅིང་།  ཡུལ་དེར་དགོན་སྡེ་

གཙུག་ལག་ཁང་སོགས་བཞེངས་ནས་ལོ་གྲངས་མང་པོ་འགོར་མེད་ཀྱང་།  དེ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་

སྦྱར་ན་སྔོན་བྱོན་མི་སྣ་གྲགས་ཆེན་བོད་ཀྱི་མཁས་པ་མི་གསུམ་དང་།  བསྟན་སྲུང་དཔའ་རྟུལ་ལྷ་ལུང་དཔལ་རྡོར་དང་

འབྲེལ་བ་དམ་ཟབ་ཏུ་ཡོད་པའི་གནས་འགངས་ཆེན་ཞིག་ཏུ་གྱུར་ཡོད། །

    དེ་ཡང་དུས་རབས་བཅུ་བའི་དུས་དཀྱིལ་དུ།  བོད་ཀྱི་བཙན་པོ་འུ་དུམ་བཙན་གྱིས་བཟློག་ཏུ་མེད་པའི་ཕྱི་ནང་གི་

རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས།   རྒྱལ་བསྟན་ལ་གོད་ཆག་བྱུང་དུ་བཅུག་སྐབས།   བོད་ཀྱི་མཁས་པ་མི་གསུམ་

གྱིས་འདུལ་བའི་ལས་ཆོག་སོགས་ཀྱི་གླེགས་བམ་དྲེལ་ཁལ་ལོངས་ཚད་ཅིག་བཀལ་ནས།   མངའ་རིས་སྟོད་དུ་ཕེབས་

ཤིང་།   དེར་སྡོད་མ་ཚུགས་པར་ཡུལ་གར་ལོག་གི་ཕྱོགས་སུ་བྲོས།   དེ་ནས་ཀྱང་འགྲོ་དོན་གྱི་འཕྲིན་ལས་མ་རྒྱས་པར་

ཡུལ་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར་མགོ་ཚུགས་པར་ལམ་བར་གྱི་ཧོར་ཡུལ་བསྐོར་ནས་ཨོ་རོད་བརྒྱུད་དེ་རིམ་

གྱིས་ཕེབས་པ་ལ།   རྨ་ཀླུང་ཆུ་བོའི་རྒྱུད་དུ་ཉིན་སྲིབ་གཉིས་སུ་ཕྱེས་པའི་ཨ་མྱེས་སྲིན་པོའི་རྫ་རྒྱུད་དང་།   གནས་

མཆོག་ཨ་མྱེས་ཤ་བོ།   ཙོང་ལ་རི་རྒྱུད།   བྲག་དཀར་སྤུན་གསུམ་བཅས་ཀྱི་ལྕགས་རི་རྡོ་རྗེ་བྲག་གི་མུ་ཁྱུད་ཀྱིས་བསྐོར་

བའི་རྨ་ཀླུང་རྡོ་རྗེ་བྲག་ཅེས་པའི་གནས་འདིར་སྒོམ་སྒྲུབ་ཏུ་བཞུགས་སྐབས་སུ།  ལྷ་ལུང་དཔལ་རྡོར་ཡང་གནས་འདིར་

ཕེབས་ནས་མཁས་པ་མི་གསུམ་དང་མཇལ།  ཁོང་རྣམ་པར་དམེ་གྲིབ་ཕོག་དོགས་ནས་དར་མ་དགྲོང་བྱེད་ཀྱི་མདའ་

གཞུ་གཉིས་སྒྲུབ་ཕུག་དེ་དང་ཁད་ཐག་ཅུང་རིང་བའི་གནས་ཤིག་ཏུ་འབུམ་ཁང་གླས་ཞེས་པར་གཏེར་དུ་སྦས་པར་

མ་ཟད།   ད་དུང་དེའི་སྟེང་དུ་རྡེའུ་འབུམ་སྤུངས་པར་མཛད་ཅེས་པའི་བཤད་རྒྱུན་ད་ལྟའི་དུས་སུའང་མ་ཉམས་པར་

ཀུན་ལ་རླུང་ལྟར་གྲགས་བཞིན་ཡོད་པ་འདི་ག་ལགས། 

    གནས་འདིའི་མཇལ་རྟེན་སྐོར་ལ། ས་སྐྱ་པཎ་ཆེན་གྱིས་བཞེངས་ཤིང་གཟུངས་བཞུགས་སུ་སངས་རྒྱས་གླང་པོའི་རིང་

བསྲེལ་ཕོར་བ་གང་ཡོད་པ། དེ་ལ་འགྲོ་མགོན་འཕགས་པས་རབ་གནས་མཛད་ཟེར་བའི་འབུམ་ཁང་འཇའ་འོད་མ་

དང་།   ལྷ་ལུང་དཔལ་རྡོར་གྱི་མདའ་གཞུ་སྦས་ཡུལ་ཡིན་ཟེར་བའི་རྡེའུ་འབུམ་སོགས་དུས་ད་ལྟའང་མཇལ་རྒྱུ་ཡོད།   

རྩོམ་སྒྲིག་པ།   ཀླུ་བྱམས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།