ལོ་༧གྱི་ཁྲིམས་ཆད།

06/12/2008 03:00

 

ལོ་ ༨༡ ཡིན་པའི་དཔལ་འབྱོར་ནོར་བུ་ལ་ལོ་ ༧ གྱི་ཁྲིམས་ཆད།

 

རྒྱ་ནག་གིས་དགོང་ལོ་ ༨༡ ལ་ཕེབས་པའི་དཔལ་འབྱོར་ནོར་བུ་ལགས་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་ཁོང་ཉིད་ཆ་རྐྱེན་ཅི་ཡང་མེད་པར་གློད་པའི་ཆེད་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་བོད་ཀྱི་སྲོལ་རྒྱུན་དཔར་སྐྲུན་པ་དཔལ་འབྱོར་ནོར་བུ་ལགས་ལྷ་སར་ཡོད་པའི་ཁོང་གི་རང་ཁྱིམ་ནས་གསང་སྟབས་ཀྱིས་འཇུས་ཤིང་། རྒྱ་གཞུང་གིས་རྒན་དཔལ་འབྱོར་ནོར་བུ་ལགས་ཀྱིས་ལོ་འདིར་བོད་ཀྱི་རྒྱལ་དར་དང་དེ་བཞིན་ཁྲིམས་འགལ་གྱི་རྒྱུ་ཆ་དག་དཔར་སྐྲུན་བྱས་ཡོད་པའི་དོགས་གཞིའི་འོག་ཁོང་ཉིད་འཇུས་ཡོད་པ་དང་། ཁོང་ཉིད་བཀག་ཉར་གྱི་སྐབས་སུ་ཉེན་རྟོག་ལས་ཁུངས་ཀྱིས་དཔལ་འབྱོར་ནོར་བུ་ལགས་ཀྱི་གཉེན་ཉེ་ཚོར་ཁོང་ཉིད་ལ་ཁྲིམས་ཆད་བཏང་ཡོད་པ་ཕར་ཞོག ཁོང་བཀག་སྐྱིལ་བྱས་པའི་སྐོར་ཡང་ངོས་ལེན་བྱས་ཡོད་མི་འདུག ཁོང་ལ་ཕྱི་ཟླ་ ༡༡ པའི་ནང་གསང་སྟབས་ཀྱིས་གྱོད་བཤེར་དང་བཅས་ལོ་ ༧ གྱི་ཁྲིམས་ཏག་བཅད་རྗེས། དེའི་སྐོར་གྱི་ཡིག་ཆུང་ཞིག་ཁོང་གི་ནང་མི་ཚོར་སྤྲད་ཡོད་པ་རེད། འོན་ཀྱང་། ད་ཆར་ཁོང་ཉིད་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་སྐོར་ཤེས་རྟོགས་ཐུབ་གི་མེད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིག་ཚོགས་པའི་ཨེ་ཤ་ཡའི་ཁྲིམས་དོན་འགན་འཛིན་ སོ་ཧྥི་ རི་ཆར་ཌི་སོན་ ལགས་ཀྱིས་བརྗོད་དོན། རྒྱ་ནག་དམར་ཤོག་གཞུང་གི་ཆོག་མཆན་མེད་པའི་བོད་དང་འབྲེལ་བའི་རྒྱུ་ཆ་ཅི་ཡང་རུང་བའི་རིགས་ནི་ཁྲིམས་འགལ་གྱི་རིགས་ཡིན་གི་རེད། སྲིད་གཞུང་ཞིག་གིས་བསམ་ཚུལ་དེ་འགོག་སྡོམ་བྱེད་འདོད་པ་ཙམ་གཞིར་བཞག་ནས་མི་སུ་ཡང་རྒྱལ་དར་དང་དཔེ་དེབ། པར་སོགས་དཔར་སྐྲུན་བྱས་པའི་རྐྱེན་གྱི་བཙོན་འཇུག་བྱེད་ཆོག་གི་མ་རེད། སྨྲ་བརྗོད་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཏུ་འགྱུར་དོན་ཡང་འདི་རེད། ཅེས་བཤད་ཡོད་པ་རེད།

ཁོང་ཉིད་འཇུས་པའི་རྗེས་སུ་ཉེན་རྟོག་པས་ཁོང་གི་ཚོང་ཁང་སྒོ་བརྒྱབས་ཤིང་ཤོག་བུའི་སྒོ་ཐེལ་ཡང་བརྒྱབས་ཡོད་པ་རེད། དེ་བཞིན་ཁོང་གི་ལས་བྱེད་རྣམས་ཀྱང་ཡོང་མི་ཆོག་པ་བཟོས་ཡོད་འདུག

དཔལ་འབྱོར་ནོར་བུའི་ཁྲིམས་ཆད་དང་ནག་ཉེས་བཅས་སྤྱི་ཚོགས་སྟེང་ཡོངས་ཁྱབ་ཀྱིས་བསྒྲགས་ཡོད་མི་འདུག

ཁོང་ལ་ལོ་ ༧ གྱི་ཁྲིམས་ཐག་བཅད་པའི་ཐད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་ཁོང་ཉིད་ཆ་རྐྱེན་ཅི་ཡང་མེད་པར་གློད་ཆེད་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།